ལའོ་ཏུང་ཁྲོན་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི2024ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་སྐོར་ཞིབ་ལེགས་བཅོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཞུགས།
2025.03.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི2024ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་སྐོར་ཞིབ་ལེགས་བཅོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཞུགས། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་ལེགས་བརྩོན་བྱེད་པ། ངར་སེམས་ཆེར་བསྐྱེད་པ་དང་དཀའ་ངལ་ཁྱད་སེལ་བྱེད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་མཚོ་ནུབ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཚོགས་ཐོག་ཏུ་ཡིག་ཐོག་ནས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་། བཟོ་ལས་ཁེ་ལས་ཀྱི་བཙོག་ཆུ་ཉི་སྐམ་རླངས་འགྱུར་ཕྱིར་འདོན་དང་ཚྭ་འདམ་གཞོང་གི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ཐད་ཀྱི་འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲལ་བཤེར་གནད་དོན་ལེགས་བཅོས་བྱེད་པ། ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲ་སྒྲིག་སོགས་གནས་ཚུལ་ཁྱབ་བསྒྲགས་བྱས། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཡིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཚབ་བྱས་ནས་ཞིབ་བསྡུར་སྐྱོན་བཤེར་བྱས་པ་དང་། ཚན་ཁག་གི་ཁོངས་མིས་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་དང་སྐྱོན་བརྗོད། རང་སྐྱོན་རང་བརྗོད་བཅས་བྱས། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཚན་ཆུང་བདུན་པས་དཔྱད་བརྗོད་བྱས།

ལའོ་ཏུང་ཁྲོན་གྱིས་བསྟན་དོན། དམངས་གཙོ་འཚོ་བའི་གྲོས་ཚོགས་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དོན་གཙོ་བོ་དང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པ། མགོ་ཁྲིད་ཚན་ཁག་རང་སྟེང་གི་སྟོབས་ཤུགས་ལ་བརྟེན་ནས་འགལ་རྩོད་དང་གནད་དོན་ཐག་གཅོད་པའི་རྣམ་པ་གལ་ཆེན་ཡིན་པས། མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་དང་ཁོངས་མིས་ཧ་ཅང་མཐོང་ཆེན་དང་གྲ་སྒྲིག་གང་ལེགས་བྱས་པ་དང་། གནད་དོན་གཙོ་བོ་ཐད་ཀར་དུ་བཤེར་འདོན་བྱས་ལ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས་པ་དང་། ལེགས་བཅོས་བྱེད་ཐབས་ལ་ཁ་གཏད་རང་བཞིན་ཆེན་པོ་ལྡན་ལ། སྤུས་ཚད་མཐོ་བའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཤིག་རེད། ཚང་མས་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ། གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དམ་འཛིན་བྱས་ནས། ཧུར་ཐག་གིས་དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ཀྱི་སྟེང་མངོན་པར་བྱེད་དགོས།

ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་ང་ཚོ་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ཐབས་མཆོག་གལ་ཆེན་ཡིན་པས། མཚོ་ནུབ་ཁུལ་ཏང་ཨུས་ཏང་གི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ནུས་པ་དང་འགན་སྒྲུབ་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་གྲུབ་འབྲས་མངོན་པར་བྱེད་དགོས། བློ་དཀར་སེམས་དཀར་སྲུང་འཛིན་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ལས་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་བྱེད་པ་དང་ཆབ་སྲིད་ཀྱི་ཉམས་མྱོང་བསྡུ་རུབ་བྱེད་པ། ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་ཇེ་དྲག་ཏུ་གཏོང་བར་དོ་སྣང་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་ནམ་ཡང་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དེ་བྱེད་ཐབས་གལ་ཆེན་དང་བྱ་སྤྱོད་དངོས། འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས། ཁག་ཁུར་འབད་འཐབ་དང་འགན་འཁྲི་བརྟན་སྲུང་བྱེད་པ་དང་། དངོས་སྒྲུབ་ལེགས་བརྩོན་ཁྲོད་འབད་འཐབ་ལྷོད་མེད་བྱེད་པ། མཚོ་ནུབ་ཀྱི་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་སྤྱིའི་གནས་བབ་ཁྲོད་ཀྱི་ངེས་གནས་ཡང་དག་པར་འཚོལ་བ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ། འཕེལ་རྒྱས་ཀྱི་བགྲོད་ལམ་ལ་བསམ་གཞིགས་གཏོང་བ་དང་ཇུས་འགོད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བ། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བ། སྲོལ་ངན་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་བྱེད་པར་ཤུགས་སྣོན་པ། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། གནད་དོན་དག་ཐེར་ལེགས་བཅོས་ནན་མོ་བྱེད་རྒྱུ་དམ་འཛིན་བྱེད་པ། སྒྲིག་ལམ་དམ་པོས་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོ་སྲ་བརྟན་དུ་བཏང་ནས། དེང་རབས་ཅན་གྱི་མཚོ་ནུབ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།