ཟླ2པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཧྲའོ་དབྱི་ཀུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ནི་རི་ཆུ་འདབས་འབྲེལ་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཚོད་བགམ་སྣ་ཚོགས་ཐེག་པའི་བློས་ཐུབ་ཀྱི་གྲོགས་པོའང་ཡིན། ད་ལོ་ངས་ཙུང་ཐུང་ཕུའུ་ཅིན་དང་བརྗེ་རེས་ཐེངས་གཉིས་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྩེ་རིམ་ཇུས་འགོད་བྱས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་ནས་འབྲེལ་གཏུག་དམ་ཟབ་བྱས་ཡོད། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་བཅས་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོའང་ཡིན། ལོ་རྒྱུས་ཀྱི་དོན་སྙིང་དམིགས་བསལ་ལྡན་པའི་ལོ་འདི་འདྲ་ཞིག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བས་གྲོས་རིམ་གལ་ཆེན་རབ་དང་རིམ་པ་བསུ་རྒྱུ་རེད། ཕྱོགས་གཉིས་ཀྱི་རིམ་པ་སོ་སོས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ང་དང་ཙུང་ཐུང་ཕུའུ་ཅིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཡུན་རིང་ཁྱིམ་མཚེས་མཛའ་མཐུན་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་ལས་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ནང་སྙིང་དར་སྤེལ་ནུས་ལྡན་བཏང་ནས། འཐབ་ཇུས་མཉམ་ལས་དང་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་བཏང་སྟེ། རྒྱལ་ཁབ་གཉིས་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས། ཕྱོགས་གཉིས་ཀས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་མུ་མཐུད་ཤུགས་བསྣན་ཏེ། གསེར་གྱོམ་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་སྔར་ལས་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས།
ཧྲའོ་དབྱི་ཀུའུ་ཡིས་ཨུ་རུ་སི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ནས། ཀྲུང་གོའི་བར་གྱི་མཉམ་ལས་ལ་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་བས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བའི་ཐད་ཨུ་རུ་སི་ཕྱོགས་ཀྱིས་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།