ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་འགག་གསུམ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ལིའུ་ཝེ་ཕིན་དང་སྤྱི་གཉེར་པ་ལིས་ཧྥུའུ་མེན་སོགས་དང་བཞུགས་མོལ་བྱས།
2025.03.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོ་འབྲི་ཆུ་འགག་གསུམ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ལིའུ་ཝེ་ཕིན་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་པ་ལིས་ཧྥུའུ་མེན་སོགས་དང་མཉམ་ལས་ཟབ་སྤེལ་དང་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཞུགས་མོལ་བྱས།

ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལིའུ་ཝེ་ཕིན་དང་ལིས་ཧྥུའུ་མེན་སོགས་མཚོ་སྔོན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། འགག་གསུམ་སྡེ་ཚོགས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་གསར་སྤེལ་གྱི་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བརྒྱུད་དེ། མཐོ་སྒང་གི་འོད་ནུས་ཕུན་སུམ་ཚོགས་ལ་ཆུ་ཁུངས་འཛོམས་པ། རླུང་ནུས་མང་བ་བཅས་ཀྱི་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ནས། ས་རྒོད་ཐང་རྒོད་དང་ཆུ་འོད་གསབ་རེས་བྱེད་པའི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་སྐུལ་འདེད་བཏང་ལ། རྒྱལ་ཡོངས་སུ་སྔོན་ལ་ནུས་ཁུངས་གསར་བའི་གྲུབ་ཆ་གཙོ་བོ་གཉིས་ཀྱི་འཕེལ་རྒྱས་རྣམ་པ་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་ལྗང་མདོག་རྩིས་གློག་མཉམ་སྡེབ་ཀྱི་ཚོད་ལྟའི་ཞིང་ཆེན་ཐོག་མར་གྱུར་བས། མ་འོངས་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་སྦས་ཤུགས་ཆེན་པོ་ལྡན། འགག་གསུམ་སྡེ་ཚོགས་ནི་དག་གཙང་ནུས་ཁུངས་ལས་རིགས་ཀྱི་གཙོ་ཁྲིད་ཁེ་ལས་ཡིན་པས། མཚོ་སྔོན་དང་མཉམ་ལས་བྱེད་པའི་རྨང་གཞི་ལེགས་པོ་ལྡན། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་སྔར་ལས་ཟབ་སྤེལ་བྱེད་པ་དང་། དག་གཙང་ནུས་ཁུངས་རྟེན་གཞི་དང་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་སོགས་ལས་གཞི་གལ་ཆེན་འཛུགས་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། རྣམ་པ་གསར་བའི་ནུས་ཁུངས་མ་ལག་གི་མཉམ་ལས་མ་དཔེ་གསར་བ་བསྐྲུན་པར་རེ་བ་བྱེད་ཀྱིན་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞབས་ཞུ་འགན་སྲུང་བྱ་བ་སྔར་བཞིན་ཡག་པོར་སྒྲུབ་སྟེ། ནུས་ཤུགས་ཡོད་རྒུས་འགག་གསུམ་སྡེ་ཚོགས་ཀྱི་མཚོ་སྔོན་གྱི་ལས་གཞི་འཛུགས་སྐྲུན་དང་འཁོར་རྒྱུག་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ལིའུ་ཝེ་ཕིན་དང་ལིས་ཧྥུའུ་མེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་མང་པོའི་རིང་འགག་གསུམ་སྡེ་ཚོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོ་ཚོས་བསྟན་དོན། མཚོ་སྔོན་གྱི་ནུས་ཁུངས་དགེ་མཚན་དང་ཁུལ་ཁོངས་ཀྱི་དགེ་མཚན་འབུར་དུ་ཐོན་པས། ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེ་འགག་གསུམ་སྡེ་ཚོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཧ་ཅང་འཚམ་ལ། འགག་གསུམ་སྡེ་ཚོགས་ཀྱི་འཐབ་ཇུས་གནད་ས་དང་འཕེལ་རྒྱས་འབྱུང་ཡུལ་ཡིན་སྟབས། ཕྱོགས་གཉིས་ཀྱི་སྔར་གྱི་མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས། གོ་རིམ་རྗེས་མར། འགག་གསུམ་སྡེ་ཚོགས་ཀྱིས་མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་ལས་ཟུང་འབྲེལ་བྱས་ནས། རང་ངོས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། དག་གཙང་ནུས་ཁུངས་དང་སྐྱེ་ཁམས་ཁོར་སྲུང་སོགས་ཀྱི་ཕྱོགས་ནས་མུ་མཐུད་དུ་མཉམ་ལས་ཟབ་སྤེལ་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་འགག་གསུམ་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་། ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་གཉིས་བཞུགས་མོལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།