《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2025.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས1ཉིན་གྱི《བདེན་འཚོལ》དུས་དེབ་འདོན་ཐེངས་ལྔ་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ《དཔལ་འབྱོར་ལས་དོན་གྱིས་ངེས་པར་དུ་འབྲེལ་བ་གལ་ཆེན་འགའ་ལ་གཅིག་གྱུར་འཆར་འགོད་བྱེད་དགོས》ཞེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། 2024ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བ་དང་ནང་ཁུལ་གྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་རྙོག་འཛིང་ཆེ་ཞིང་ཛ་དྲག་གི་གནས་སྟངས་མདུན་དུ། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་བསྟུན་དང་ཕྱོགས་བསྡུས་ཀྱིས་ཐབས་ཇུས་ལག་བསྟར་བྱས་པས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་བརྟན་བརླིང་གི་ཁྲོད་ནས་ཡར་རྒྱས་བྱུང་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་བར་བརྟེན། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་མུ་མཐུད་དུ་ཆེ་རུ་ཕྱིན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་གོམ་སྟབས་བརྟན་པོ་གསར་པ་སྤོས་ཡོད། ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་རིམ་ནི་སྤྱིར་བཏང་ཞིག་གཏན་ནས་མིན་པ་དང་བླངས་པའི་གྲུབ་འབྲས་ཀྱིས་ཚང་མའི་བརྩོན་སེམས་བསྐྱེད་ཡོད། ཟླ9པའི་ཚེས26ཉིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུས་འཕར་ཚད་ཀྱི་སྲིད་ཇུས་རབ་དང་རིམ་པ་བློ་ཐག་རྦད་ཆོད་སྒོས་བཀོད་སྒྲིག་བྱས་ཏེ། ཁང་པའི་ཁྲོམ་ར་དང་ཁྲོམ་རའི་སྔོན་དཔག སྤྱི་ཚོགས་ཀྱི་ཡིད་ཆེས་བཅས་ནུས་ལྡན་ངང་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་མངོན་གསལ་སྒོས་སླར་གསོ་བྱུང་བ་དེས། ལོ་ཧྲིལ་པོའི་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བར་མ་ཟད། 2025ལོའི་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བཟང་པོ་ཞིག་བཏིངས་ཡོད།

རྩོམ་ཡིག་ལས་བསྟན་དོན། གནབ་བབ་ལ་དབྱེ་ཞིབ་བྱེད་པར་ཅིས་ཀྱང“གནད་གཉིས་སྨྲ་བ”རྒྱུན་འཁྱོངས་བྱས་ཏེ། གྲུབ་འབྲས་བཤད་ནས་ཚར་དགོས་ལ་གནད་དོན་ཡང་གསལ་པོར་བཤད་དགོས། མིག་སྔར། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་གཏིང་ཟབ་ཏུ་ཕྱིན་ནས། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་གནས་ཡོད་ཅིང་དུས་མཚུངས་སུ། རང་རྒྱལ་གྱི་དཔལ་འབྱོར་ལ་རྨང་གཞི་བརྟན་པོ་ཡིན་པ་དང་ལེགས་ཆ་མངོན་གསལ་ཡིན་པ། མཉེན་ཆ་ཆེ་བ། སྦས་ནུས་ཆེ་བ་བཅས་ཀྱི་དགེ་མཚན་ལྡན་པས། དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པའང་ངེས་པར་དུ་མཐོང་ཐུབ་དགོས། ཡིད་ཆེས་མ་ཉམས་ན། ཐབས་ཤེས་ནི་དཀའ་ངལ་ལས་མང་ངེས་ཡིན། ང་ཚོས་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཅི་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་རྒྱུར་འབད་བརྩོན་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། ལག་ལེན་ཁྲོད་ང་ཚོས་དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་སྤེལ་གཏོང་བཞིན་ཡོད། ཏང་ཡོངས་ཀྱི་གོང་འོག་བར་གསུམ་བར་གྲུབ་པའི་ཐུན་མོང་གི་ངོས་འཛིན་ཆེ་ཤོས་ནི། ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པ་ནི། དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་ཁག་ཐེག་ཡིན་ལ། གནད་འགག་གི་དུས་སྐབས་དང་དུས་རིམ་གལ་ཆེན་གྱི་སྐབས་སུ། ཏང་ཀྲུང་དབྱང་གིས་དུས་ཐོག་ཏུ་གནས་བབ་ལ་ཞིབ་འཇུག་དང་བརྡར་གཅོད། ཐབས་ཇུས་བཀོད་སྒྲིག་བཅས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་རླུང་གི་འགྲོས་དང་བསྟུན་ནས་རྦ་རླབས་གཤགས་ཏེ་བརྟན་བརླིང་ངང་རྒྱང་ནས་རྒྱང་དུ་ཆས་ཡོད་པ་དེ་ཡིན།

རྩོམ་ཡིག་ལས་བསྟན་དོན། དཔལ་འབྱོར་ལས་དོན་ལ་སྣེ་མང་པོ་ཡོད་པས་ངེས་པར་དུ་འབྲེལ་བ་གལ་ཆེན་འགའ་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། གཅིག་ནི་ངེས་པར་དུ་ཕན་ནུས་ལྡན་པའི་ཚོང་ར་དང་ཕན་ནུས་ལྡན་པའི་སྲིད་གཞུང་བར་གྱི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ།“ལྷོད་ཐུབ”ལ“སྡོམ་ཐུབ”པའི་དཔལ་འབྱོར་གྱི་སྒྲིག་ལམ་ཆགས་སུ་འཇུག་དགོས། སྲིད་གཞུང་གིས་བྱ་བ་སྒྲུབ་དགོས་པ་དང་བསྒྲུབས་ནས་ཕན་འབྲས་ཐོན་དགོས་ལ། གནས་སྟོང་པ་དང་གོ་གནས་ལས་བརྒལ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྲིད་གཞུང་གི་བྱ་སྤྱོད་ཇི་ཙམ་ཚད་ལྡན་དུ་བཏང་ན་ཁྲོམ་རའི་ནུས་པ་དེ་ཙམ་གྱིས་ཇེ་ལེགས་སུ་འགྲོ་ཐུབ། གཉིས་ནི་ངེས་པར་དུ་སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོའི་བར་གྱི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གེགས་མེད་ཅན་དུ་གཏོང་དགོས། འདོན་སྤྲོད་དང་དགོས་མཁོ་ཕྱོགས་གཉིས་ཀྱིས་མཐུན་སྦྱོར་སྟོབས་ཤུགས་དང་འགུལ་རྣམ་དོ་མཉམ་རྒྱུན་འཁྱོངས་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་ཟབ་སྤེལ་གཏོང་དགོས། ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱས་ཏེ། ནང་མཁོ་དེ་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་རང་འགུལ་གྱི་སྟོབས་ཤུགས་དང་བརྟན་བརླིང་གི་གཏིང་རྡོ་རུ་འགྱུར་བར་བྱེད་དགོས། གསུམ་ནི་ངེས་པར་དུ་སྒུལ་ཤུགས་གསར་པ་གསོ་སྐྱོང་དང་སྒུལ་ཤུགས་རྙིང་པ་གསར་སྒྱུར་བྱེད་པའི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱས་ཏེ། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་དང་སྟོབས་ལྡན་དུ་བཏང་ནས། དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ཡོང་འབབ་ཀྱི་གཞི་རྟེན་ཡིན་པའི་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་རྙིང་བརྟན་བརླིང་དང་རྒྱུན་མཐུད་དང་བསྒྱུར་བར་སྐུལ་འདེད་གཏོང་དགོས། བཞི་ནི་ངེས་པར་དུ་འཕར་ཚད་ཇེ་ལེགས་སུ་གཏོང་བ་དང་གསོག་ཚད་གསར་བཟོ་བྱེད་པའི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། གསོག་ཚད་གསར་བཟོ་བྱས་པ་བརྒྱུད་འཕར་ཚད་ལ་སྐུལ་ཁྲིད་བྱེད་མཁས་པར་བྱེད་རྒྱུ་དང་། འཕར་ཚད་ཇེ་ལེགས་སུ་གཏོང་བ་དང་གསོག་ཚད་གསར་བཟོ་བྱེད་པ་དང་རྒྱུ་ནོར་དོ་དམ་ཡག་པོ་བྱེད་པ། བུ་ལོན་གྱི་ཁུར་བོ་ལེགས་སྒྲིག་བྱེད་པ་བཅས་ཀྱི་ཐད་གཅིག་གྱུར་འཆར་འགོད་བྱས་ནས། འཕེལ་རྒྱས་ཀྱི་བར་སྟོང་གསར་པ་བསྐྱེད་དགོས། ལྔ་ནི་ངེས་པར་དུ་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་སྤྱི་འབོར་ཆེ་རུ་གཏོང་རྒྱུའི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་པ་དང་གཞི་ཁྱོན་གྱི་ཕན་འབྲས་འདོན་སྤེལ་བྱེད་རྒྱུ་གཅིག་གྱུར་གྱིས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་གཏོང་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་གཅིག་གྱུར་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།