ཟླ2ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་འབྲེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིང་དུ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཧྲའོ་དབྱི་ཀུའུ་ལ་མཇལ་འཕྲད་གནང་།
ཝང་དབྱི་ཡིས་བསྟན་དོན། ཉེ་ཆར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ལོ་མགོར་བརྙན་ལམ་ནས་ཐུག་འཕྲད་བྱས་རྗེས་སླར་ཡང་ཁ་པར་བཏང་ནས་གནས་བབ་གསར་པའི་འོག་ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་གནས་བབ་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་འབྲེལ་གཏུག་བྱས་པ་དེས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་གང་ལེགས་སྒོས་མཚོན་ཡོད་ལ། ཀྲུང་གོ་དང་ཨུ་རུ་སིའི་གཙོ་འཛིན་གྱི་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་འགན་འཁྲི་ཡང་མངོན་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་རྩ་བའི་བརྩི་སྲུང་དུ་བྱས་ནས་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་བདེ་འཇགས་ཁྱབ་ཁོངས་སུ་ཕན་ཚུན་ཡིད་ཆེས་དང་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་སྒུལ་ཤུགས་སྟོབས་ཆེན་དང་། དམངས་འདོད་ཀྱི་རྨང་གཞི་གཏིང་ཟབ་པ། ཐུན་མོང་མ་ཡིན་པའི་འཐབ་ཇུས་རིན་ཐང་བཅས་ལྡན་པས། ཕྱོགས་གསུམ་པར་དམིགས་པ་མིན་ལ་ཕྱོགས་གསུམ་པའི་འགལ་རྐྱེན་གྱི་ཤུགས་རྐྱེན་ཡང་གཏན་ནས་ཐེབས་མི་སྲིད་པ་ལོ་རྒྱུས་དང་དོན་དངོས་ཐོག་ཡང་ཡང་ར་སྤྲོད་བྱུང་ཡོད། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ནི་འཇམ་འཐབ་རྣམ་པའི་དམག་དོན་མནའ་མཐུན་གྱི་རྣམ་པ་ལས་བརྒལ་བ་མ་ཟད། དཔུང་ཁག་གི་འགྲན་རྒོལ་རྣམ་པའི་བསམ་བློ་རྙིང་པ་ལས་བརྒལ་བ་དང་། རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་ཞིག་གི་མཉེན་ཆ་དང་དཀྱེལ་ཡངས་མཚོན་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དེ་སྔར་བཞིན་བརྟན་པོ་ཡིན་པས་གཡོ་འགུལ་ཐེབས་མི་སྲིད།
ཝང་དབྱི་ཡིས་བསྟན་དོན། ད་ལོ་ནི་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བ་ཡིན་པས། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་དང་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་སྟེང་མཚོན་རྟགས་རང་བཞིན་གྱི་དོན་སྙིང་ལྡན། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་གཡུལ་ས་གཙོ་བོ་ཡིན་པའི་ཆ་ནས་ཀྲུང་གོ་དང་ཨུ་རུ་སི་ཡིས་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ཆེད་མི་རིགས་ཀྱི་བློས་གཏོང་ཆེན་པོ་དང་ལོ་རྒྱུས་ཀྱི་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་དང་ཨུ་རུ་སི་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་ཡིན་པས། འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་མཉམ་དུ་སྲུང་སྐྱོང་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་མཉམ་དུ་དར་སྤེལ་གཏོང་བ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་སྲུང་སྐྱོང་བཅས་བྱེད་པའི་འགན་འཁྲི་ཡོད།
ཧྲའོ་དབྱི་ཀུའུ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དང་འཐབ་ཇུས་མཉམ་ལས་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཨུ་རུ་སི་དང་ཀྲུང་གོའི་བར་ཆབ་སྲིད་དང་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཚད་མཐོན་པོ་ཡོད་པས་ཕྱི་རོལ་གྱི་རྒྱུ་རྐྱེན་གང་རུང་གི་ཤུགས་རྐྱེན་ཐེབས་མི་སྲིད། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་ནི་ཕྱོགས་གཉིས་ཀྱི་བློ་བརྟན་འགྱུར་མེད་ཀྱི་གདམ་ག་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། རྒྱལ་སྤྱིའི་ལས་དོན་ཐད་ཨུ་རུ་སི་དང་ཀྲུང་གོའི་ལངས་ཕྱོགས་ཧ་ཅང་མཐུན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ལམ་སྲོལ་སྒྲོམ་གཞིའི་ནང་མཐུན་སྦྱོར་དམ་ཟབ་བྱེད་ཀྱི་ཡོད། ན་ནིང་ཨུ་རུ་སི་ཡིས་གསེར་གྱོམ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་དང་རྩེ་ཚོགས་གཉེར་རྒྱུར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་བྱེད་པའི་བྱ་འགུལ་ལེགས་པོར་བསྒྲུབ་འདོད་ཡོད་ཟེར།
ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས། ཧྲའོ་དབྱི་ཀུའུ་ཡིས་ཨུ་རུ་སི་དང་ཨ་མེ་རི་ཁའི་བར་འབྲེལ་གཏུག་བྱས་པའི་གནས་ཚུལ་གསར་ཤོས་དང་ཨུ་རུ་སུ་ཕྱོགས་ཀྱི་ལངས་ཕྱོགས་བསམ་གཞིག་ངོ་སྤྲོད་བྱས་ནས་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཉམས་ཉེན་གྱི་འབྱུང་རྩ་མེད་པར་བཟོ་རྒྱུར་འབད་བརྩོན་བྱས་ནས་ཡུན་རིང་དང་། དྲང་གཞག རྒྱུན་མཐུད་བཅས་ཀྱི་ཞི་བདེའི་ཇུས་གཞི་འཛུགས་རྒྱུ་འཚོལ་ཞིབ་བྱ་རྒྱུ་ཡིན་ཟེར། ཝང་དབྱི་ཡིས་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཞི་བདེ་སློབ་གསོ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཕྱོགས་གཉིས་ཀྱིས་དུས་ཐོག་ཏུ་རེས་སྐོར་གསར་པའི་ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་བདེ་འཇགས་སྐོར་ལ་གྲོས་མོལ་བྱ་རྒྱུར་འཐད་པ་བྱུང་། ཕྱོགས་གཉིས་ཀྱིས་ད་དུང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་། དབུས་ཤར་ས་ཁུལ་། ཨ་ཧྥུའུ་ཧན་སོགས་ཀྱིས་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས།
ཤ་བོ་གསེར་མཚོས་བསྒྱུར།