ཟླ3པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་ལེགས་བརྩོན་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། དམངས་ཚིས་ཀྱི་བདེ་སྐྱིད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཏན་ཏིག་གིས་སྤེལ་བ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་མཁན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ། དམངས་ཚིས་ལེགས་སྒྱུར་ཐད་ནས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཁུལ་ཁོངས་ཀྱི་ཆེས་ཆེ་བའི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་བྱེད་ས་འཇིགས་མེད་ཁྱིམ་གཞི་རུ། ལའོ་ཏུང་ཁྲོན་ཏང་དམངས་ཞབས་ཞུ་ལྟེ་གནས་དང་སྣམ་བུ་ལག་ཤེས་བསླས་འཐག ཆིན་ཝན་ཅ་དམངས་ཕན་སྐར་གསོག་སྣ་འཛོམས་ཚོང་ར་བཅས་ལ་སོང་ནས། གནས་སྤོར་བཀོད་སྒྲིག་དང་ཐོན་ལས་འཕེལ་རྒྱས། ལས་ཞུགས་ཡོང་འཕར། གཞིས་ཁུལ་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། ཡུལ་གཞན་གནས་སྤོར་ནི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པས། གནས་སྤོར་བཀོད་སྒྲིག་དང་རྗེས་མཐུད་ཐོན་ལས་རོགས་སྐྱོར་བཟང་བོར་སྒྲུབ་པ་དང་། མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ལ་སྐུལ་འདེད་གཏོང་བ། གཞིས་ཁུལ་བཅོས་སྐྱོང་ནུས་པ་དང་སྤྱི་ཐུན་ཞབས་ཞུའི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་བཏང་ནས། གནས་སྤོར་མང་ཚོགས་ཁོར་ཡུག་གསར་བའི་ནང་འདྲེས་པ་དང་འཚོ་བ་གསར་བ་རོལ་ཐུབ་པར་བྱེད་དགོས། དཔལ་ཆེན་ཉི་མ་དང་ནོར་སྡེ་ཡི་ཁྱིམ་དུ། ལའོ་ཏུང་ཁྲོན་གྱིས་སྡོད་ཁང་འཚོ་བའི་ཆ་རྐྱེན་ལ་ལྟ་ཞིབ་བྱས་པར་མ་ཟད། ཚང་མ་དང་མཛའ་བརྩེའི་གླེང་མོལ་བྱས། ཁོ་ཚོ་སྔོན་ཆད་ཀྱི་སྦྲ་གུར་ནས་རྫོང་མཁར་གྱི་སྡོད་ཁང་གསར་བར་སྤར་ནས། ཉེ་ས་ནས་ལས་ཞུགས་བྱེད་པ་དང་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་རྐང་བརྒྱུད་དེ་ཡོང་སྒོ་ཇེ་མང་དུ་སོང་བ་དང་འཚོ་བ་བཟང་བོ་རོལ་ཐུབ་པ་ཤེས་རྗེས། ལའོ་ཏུང་ཁྲོན་གྱིས་དགའ་ཞིང་བློ་བདེ་བའི་ཚུལ་བསྟན་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། མུ་མཐུད་དུ་འབད་འཐབ་བྱེད་པ། ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་བྱས་ནས། འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་གཏོང་རྒྱུའི་སྐུལ་མ་བཏང་།
རྨ་ཆེན་རྫོང་བཙོག་ཆུ་ཐག་གཅོད་བཟོ་གྲྭ་རུ། ལའོ་ཏུང་ཁྲོན་གྱིས་ཁེ་ལས་འཁོར་རྒྱུག་དང་བཙོག་ཆུ་ཕྱིར་འདོན་གྱི་ཚད་གཞི། ཐག་གཅོད་བཟོ་རྩལ་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་མཐའ་གཅིག་ཏུ་བཟང་བོར་སྒྲུབ་པ། ཐག་གཅོད་བཟོ་རྩལ་གྱི་ཚད་འདེགས་སྒྱུར་བཀོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྒྲིག་ཆས་འཁོར་རྒྱུག་དང་ཉམས་གསོ་ཐད་ཤུགས་སྣོན་པ། ཕྱིར་འདོན་ཆུ་སྤུས་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས། བཙོག་ཆུ་ཐག་གཅོད་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་བ་དང་། མགོ་ཁུངས་ནས་ཆུའི་ཁོར་ཡུག་གི་སྤུས་ཚད་ལེགས་སྒྱུར་བྱེད་དགོས་ཞེས་བཤད།
མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་དང་ལྟེ་གནས་ཆེན་པོ་ལྔའི་འཛུགས་སྐྲུན་འཁོར་རྒྱུག སྨན་ཁང་མིང་གྲགས་ཅན་གྱི་ལས་སྒྲུབ་ཁང་། ཡོན་ཧྲི་ཏུང་ཅཱ་ཧུང་གི་ཞབས་ཞུ་རྟེན་གཞི་དང་རྒྱང་བསྟེན་མཉམ་བསྡུས་ནད་དཔྱད་སྟེགས་བུ་འཁོར་རྒྱུག་གི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས་པར་མ་ཟད། ཧྲང་ཧའེ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པའི་དཔུང་སྡེ་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་སོགས་ཀྱི་རོགས་ལས་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། སྨན་ཁང་གི་ཚན་ཁག་གཙོ་བོ་འཛུགས་སྐྲུན་བྱེད་པ། གསར་གཏོད་སྨན་བཅོས་ལག་རྩལ་ཁྱབ་གདལ་དང་འཇོན་མིའི་དཔུང་སྡེ་སྐྱེད་སྲིང་བྱེད་པ། སྨན་བཅོས་མི་སྣའི་ཆེད་ལས་ལག་རྩལ་ཆུ་ཚད་དང་སྨན་ཁང་གི་ཞབས་ཞུའི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། སྤུས་ལེགས་དང་ནུས་ལྡན། ཆེད་ལས་ཀྱི་སྨན་བཅོས་ཞབས་ཞུ་ལ་བརྟེན་ནས་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས། མགོ་ལོག་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་རུ། ལའོ་ཏུང་ཁྲོན་གྱིས་ལོ་རྒྱུས་ཀྱི་དངོས་རྫས་རེ་རེ་དང་རྩ་ཆེ་བའི་འདྲ་པར་རེ་རེ་ལ་བལྟས་རྗེས། བརྩེ་སེམས་ལྡན་པའི་ངང་བཤད་རྒྱུར། དེས་མགོ་ལོག་ཁུལ་གྱི་སྲིད་དབང་བཙུགས་པའི་ལོ་བདུན་ཅུའི་རིང་ལ་མི་རིགས་སོ་སོས་ཏང་གི་མགོ་ཁྲིད་བརྟན་པོའི་འོག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱས་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རང་བཞིན་ཆེན་པོ་མངོན་པར་བྱས་ཡོད་པས། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་ཏུ་བྱེད་པ། ནུས་པ་ལྡན་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་བྱ་བར་སྐུལ་འདེད་གཏོང་བ། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་བསམ་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱས་ནས། མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་མཉམ་ཤུགས་ཆེན་པོ་བསྡུ་དགོས།
རིན་ཆེན་མཚོས་བསྒྱུར།