རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཚེས5ཉིན་གྱི་ཕྱི་དྲོར་ཁོ་ཡོད་སའི་ཧྲན་ཏུང་འཐུས་ཚབ་ཚོགས་པར་སོང་ནས། འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ཧན་ཀྲིན་གྱིས་ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་འདིར་ཧ་ཅང་འཐད་པ་ཡིན་ཞེས་གསུངས།
ཧན་ཀྲིན་གྱིས་བསྟན་དོན། 2024ལོར། ཕྱིའི་གནོན་ཤུགས་ཇེ་ཆེ་དང་ནང་གི་དཀའ་ཁག་ཇེ་མང་དུ་འགྲོ་བའི་རྙོག་འཛིང་ཛ་དྲག་གི་གནས་བབ་ལ་འཕྲད་སྐབས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་ཆགས་འགྱུར་བསྟུན་དང་ཕྱོགས་བསྡུས་ཇུས་འདོན་བྱས་ལ། དཔལ་འབྱོར་འཁོར་སྐྱོད་ཀྱི་སྤྱིའི་གནས་བབ་གཏན་འཇགས་དང་བརྟན་ཐོག་ཡར་འཕེལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་སྟོབས་ཤུགས་བཅས་མུ་མཐུད་དུ་ཆེ་རུ་ཕྱིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གསར་དུ་གོམ་སྟབས་བརྟན་པོ་སྤོས། ཐོབ་དཀའ་བའི་གྲུབ་འབྲས་འདི་དག་ལོན་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གནང་་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་མཛུབ་སྟོན་ལ་རག་ལས་ཡོད།
ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་གི་བརྡར་གཅོད་དང་ཇུས་ཆོད་བཀོད་སྒྲིག་བྱེད་པའི་སྟེང་གཅིག་གྱུར་བྱེད་ལ། བྱ་བ་སྣ་ཚོགས་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ལོ་ཧྲིལ་བོའི་ལས་འགན་དམིགས་འབེན་ཧུར་ཐག་གིས་འགྲུབ་པར་བྱེད་དགོས། སྤྱིའི་འདོན་སྤྲོད་དང་སྤྱིའི་དགོས་མཁོའི་འབྲེལ་བ་གཅིག་འདོམས་ལེགས་པོ་བྱེད་པ་དང་། ཕྱོགས་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་སྔར་ལས་ཟབ་སྤེལ་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
ཧན་ཀྲིན་གྱིས་ཧྲན་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། བློ་རྩ་བརྟན་པོས་སྔོན་ལ་བསྐྱོད་པ་དང་འགན་འཁྲི་འཁུར་བའི་ལས་འགན་ཁག་ཁུར་ཕྲག་ཏུ་བླངས་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྲན་ཏུང་གི་ལེའུ་འབྲི་དགོས་པའི་རེ་བ་བཏོན།
ལྷ་མོ་འཚོས་བསྒྱུར།