ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་ལས་རིགས་སོ་སོའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། ལས་རིགས་སོ་སོས་དོ་སྣང་བྱེད་པའི་གྲོས་གཞིར་དམིགས་ནས་གྲོས་མོལ་བགྲོ་གླེང་བྱས། མགོན་པོ་བཀྲ་ཤིས་དང་པད་ཁོ་སོགས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སོ་སོ་རང་རང་གི་ལས་རིགས་སོ་སོའི་ཚོགས་འདུར་ཞུགས་པ་དང་། ཚོགས་འདུའི་གྲོས་གཞིར་དམིགས་ཤིང་མཚོ་སྔོན་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་གཏམ་བཤད།
གསར་དར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཅིག་འདོམས་སྐུལ་འདེད་གཏོང་བའི་གྲོས་གཞིར་དམིགས་ནས། ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་རྒྱུར། གསར་དར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཅིག་འདོམས་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གིས་ཁྱབ་ཁོངས་སྔར་ལས་ཡངས་པ་དང་རིམ་པ་སྔར་ལས་ཟབ་པ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་རེད། མཚོ་སྔོན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དེ་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ་དང་གསར་དར་བཟོ་ཞིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་འཛུགས་པའི་བྱེད་ཐབས་གཙོ་བོར་བརྩི་བ་དང་། ཟུང་འཁོར་སྒུལ་ཤུགས་རྒྱུན་འཁྱོངས་བྱས་ཏེ། གསར་དར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་གཅིག་འདོམས་སྐུལ་འདེད་གཏོང་དགོས། མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་གྱི་ཆ་རྐྱེན་ཕན་ཚུལ་ལ་ཕྱོགས་ཏེ་རང་དབང་འགུལ་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། མི་འདང་སར་ཁ་གསབ་བྱེད་པ་རྒྱུན་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས། དོ་སྙོམས་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་བའི་ཞབས་ཞུའི་འདོན་སྤྲོད་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་རེ་གསུམ་དང་གྲངས་ཆུང་བརྒྱད་དྲུག་ལ་སླེབས་པར་བྱེད་ལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཐད་གྲུབ་འབྲས་ཡག་པོ་ལེན་དགོས་ཟེར། ཁོས་རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་གསར་དར་གྲོང་རྡལ་ཅན་དང་། གྲོང་གསེབ་དར་སྤེལ། དམངས་ཚིས་བྱ་གཞག་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བའི་གྲོས་གཞི་བཏོན།
རང་འགུལ་སྒོས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པ་དང་ཞབས་འདེགས་ཞུ་བ་དང་། རིགས་སོ་སོ་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་བའི་གྲོས་གཞིར་དམིགས་ནས། ཨུ་ཡོན་པད་ཁོས་གཏམ་བཤད་རྒྱུར། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་དང་ཞིན་ཅང་དང་བོད་ལྗོངས་བརྟན་འཇགས་གཏོང་བའི་འཐབ་ཇུས་གནས་ཡུལ་གཙོ་བོ་ཡིན་པས། མཐོ་སྒང་དང་ནུབ་རྒྱུད། མི་རིགས་ས་ཁུལ་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ཆེན་དམིགས་བསལ་བ་ཞིག་ཡིན་པའི་ཆ་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་སྒྱུར་བཅས་གཅིག་འདོམས་བྱེད་པའི་ལས་འགན་སྔར་བཞིན་ལྕི། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་བསྐྱོད་བྱས་པས། ལོ་རྒྱུས་སྟེང་གི་ཆེས་ལེགས་པའི་འཕེལ་རྒྱས་ཀྱི་དུས་སྐབས་བསུས་བྱུང་། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས། རང་འགུལ་སྒོས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པ་དང་ཞབས་འདེགས་ཞུ་དགོས་ཟེར། ཁོས་རྒྱལ་ཁབ་ཀྱིས་མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་ཤུགས་སྣོན་པ་བཅས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།
ལས་རིགས་སོ་སོས་གྲོས་མོལ་བྱེད་སྐབས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ད་དུང་རྫོང་ཁོངས་དཔལ་འབྱོར་བར་ཁྱད་ཅན་དང་ཁྱད་ཆོས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང། ཁེ་ལས་ལེགས་སྒྱུར་དང་སྐྱེ་ཁམས་གསར་གཏོད། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་ཚང་གཏོང་བར་ཁྲིད་སྟོན་བྱེད་ལ། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་གྲོས་གཞིར་དམིགས་ནས་བཞུགས་མོལ་བགྲོ་གླེང་བྱས་པ་དང་། ཐུན་མོང་ངོས་འཛིན་རྒྱ་ཆེར་གཅིག་སྡུད་བྱས།
ལྷ་མོ་འཚོས་བསྒྱུར།