རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས།
2025.03.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཚེས11ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་བཞི་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡི་མངག་བཅོལ་ལྟར། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཧུང་ཀྲུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཟླ3པའི་ཚེས10ཉིན་གྱི་ཕྱི་དྲོ་དང་ཚེས11ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད། 2024ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2025ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ཀྱི་གྲོས་ཆོད་འཆར་ཟིན་དྲུག་ལ་ནན་ཏན་གྱིས་གྲོས་ཞིབ་བྱས་པར་མ་ཟད། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུར་མཉམ་དུ་འཐད་པ་བྱུང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་ལྟར། གྲོས་ཆོད་འཆར་ཟིན་སོ་སོ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུའི་གྲོས་གཞི་བཏོན།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྟེང་སོ་སོར་བརྡས་ཐག་བཅད་པ་བརྒྱུད་གོང་གི་གྲོས་ཆོད་འཆར་ཟིན་དག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུའི་ཐག་བཅད།

ཤ་བོ་གསེར་མཚོས་བསྒྱུར།