ཟླ3པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་ཐེངས་བཞི་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་ཚོགས། ཚོགས་ཐོག་ཏུ་རིག་དངོས་ཁྱབ་བཤེར་མཁྲེགས་གཏོར་ལས་འགན་གཙིགས་འཛིན་བྱས་པ་དང་། དེའི་དམིགས་འབེན་ནི་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁྱབ་བཤེར་བྱ་བར་སྔར་ལས་སྐུལ་འདེད་བཏང་ནས། དུས་ལྟར་སྤུས་ཚད་མཐོ་བའི་ངང་ཁྱབ་བཤེར་དམིགས་འབེན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་རྒྱུ་དེ་ཡིན།
ཚོགས་ཐོག་ཏུ་རྒྱལ་ཡོངས་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་གྲོས་ཚོགས་དང་། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁྱབ་བཤེར་བྱ་བའི་སྤྱི་ཁོག་གི་གནས་ཚུལ་ཁྱབ་བསྒྲགས་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཁྱབ་བཤེར་ཚན་ཁག་ཞེ་བཞི་ལས་ཚན་ཁག་ཉེར་ལྔས་ཡུལ་དངོས་རྟོག་ཞིབ་བྱ་བ་ཡོངས་འགྲུབ་བྱས་པ་མ་ཟད། གཞི་གྲངས་ལེགས་སྒྲིག་དང་མ་ལག་ལ་ཡར་སྤྲོད་བྱེད་པ། ཞིབ་བཤེར་གཏན་འབེབས་ཀྱི་བྱ་བ་བསྒྲུབ་པའི་དུས་སུ་སླེབས་ཡོད། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་ཐེངས་གསུམ་པའི་རིག་དངོས་ཉར་འཇོག་བྱེད་ས5762ལ་བསྐྱར་བཤེར་བྱས་པ་དང་། ཡུལ་དངོས་ཀྱི་བརྟག་བཤེར་ཡོངས་འགྲུབ་ཚད་བརྒྱ་ཆའི་དགུ་བཅུར་སླེབས་ལ། རིག་དངོས་ཉར་འཇོག་བྱེད་ས786གསར་དུ་རྙེད་པ་དང་། ཞིང་ཆེན་ཡོངས་ནས་ཁྱབ་བཤེར་གཞི་གྲངས2516ཡར་སྤྲོད་བྱས་ལ། ཡོངས་འགྲུབ་བྱེད་ཚད་བརྒྱ་ཆའི34.96ལ་སླེབས།
ཚོགས་ཐོག་ནས་བསྟན་དོན། 2025ལོར་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ཁྱབ་བཤེར་བྱེད་འོས་སར་ཁྱབ་བཤེར་བྱེད་པ་དང་། ཐོ་འགོད་བྱེད་འོས་པ་ཚང་མ་ཐོ་འགོད་བྱེད་པ། སྲུང་སྐྱོང་བྱེད་འོས་སར་སྲུང་སྐྱོང་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཁྱབ་བཤེར་གྱི་གྲུབ་འབྲས་ཆ་ཚང་བ་དང་ཡང་དག་པ། བློ་གཏད་ཆོག་པར་ཁག་ཐེག་བྱེད་དགོས། ས་ཁུལ་སོ་སོས་བཟོ་སྐྲུན་དུས་ཚོད་བཀོད་སྒྲིག་བཟང་བོ་བྱས་ཏེ། དུས་ལྟར་ཡུལ་དངོས་རྟོག་ཞིབ་ཀྱི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། ཁྱབ་བཤེར་ཚད་གཞི་ལག་བསྟར་ནན་མོ་བྱེད་པ་དང་། གཞི་གྲངས་ལ་ཞིབ་བཤེར་གཏན་འབེབས་བྱེད་པར་ཤུགས་བསྣན་ནས། རིག་དངོས་ཆ་འཕྲིན་བདེན་པ་ཆ་ཚང་ཡིན་པར་ཁག་ཐེག་བྱེད་དགོས། རིག་དངོས་སྡེ་ཁག་གིས་ཁོངས་གཏོགས་སྡེ་ཁག་སོ་སོ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། ཐབས་ལམ་མང་པོ་བརྒྱུད་དེ་རིག་དངོས་ཁྱབ་བཤེར་བྱ་བ་དྲིལ་སྒྲོག་བྱས་ནས། སྤྱི་ཚོགས་ཤེས་གསལ་གྱི་ཚད་དང་མང་ཚོགས་ཟབ་ཞུགས་ཚད་ཇེ་མཐོར་གཏོང་དགོས།
ཚོགས་ཐོག་ཏུ་ད་དུང་རིག་དངོས་ཁྱབ་བཤེར་ཐད་ཀྱི་ཆེད་མཁས་པ་གདན་ཞུ་བྱས་ནས་ལས་སྒོ་གསོ་སྦྱོང་སྤེལ་བ་དང་། མེད་པར་གྱུར་བའི་རིག་དངོས་ཞིབ་དཔྱད་ཆོག་མཆན་རྐྱེན་སྲོལ་དང་གསར་རྙེད་སྤོ་སྣུར་བྱེད་མི་ཆོག་པའི་རིག་དངོས་ཁྱབ་བཤེར་ཚད་གཞི། ལྕགས་རི་རིང་བོའི་ཐོན་ཁུངས་ཆེད་དོན་བརྟག་བཤེར་བྱེད་ཐབས། ཡུལ་དངོས་སྤུས་ཚད་ཞིབ་བཤེར་དང་ཞིབ་བཤེར་གཏན་འབེབས་བྱེད་ཐབས་དང་ལག་ལེན་སོགས་ཀྱི་ནང་དོན་ལ་དམིགས་ནས་འགྲེལ་བཤད་ཞིབ་མོ་བྱས་པ་མ་ཟད། ས་ཆ་སོ་སོའི་ཁྱབ་བཤེར་བྱ་བའི་ཁྲོད་ཐུག་པའི་གནད་དོན་ལ་ཡུལ་དངོས་དོགས་སེལ་དང་མཛུབ་སྟོན་བྱས།
རིན་ཆེན་མཚོས་བསྒྱུར།