མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ཟི་ལིང་དུ་ཚོགས།
2025.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས14ཉིན་གྱི་སྔ་དྲོ།མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ཟི་ལིང་དུ་བསྡུས།གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་སློབ་སྦྱོང་ལག་བསྟར་བྱ་བ་བཀོད་སྒྲིག་བྱས་ནས་ནན་གྱིས་བསྟན་དོན། སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པའི་སྟེང་ཤུགས་འདོན་པ་དང་། ལག་བསྟར་དོན་འཁྱོལ་བྱེད་པའི་སྟེང་རྩོམ་ཡིག་འབྲི་བ། བྱ་བར་སྐུལ་འདེད་གཏོང་བའི་སྟེང་ཕན་འབྲས་བརྩོན་ལེན་བྱེད་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མཉམ་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ལའོ་ཏུང་ཁྲོན་དང་མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན། ཝང་ལིས་མེན་བཅས་ཀྱིས་སོ་སོར་འབྲེལ་ཡོད་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས།

ཚོགས་ཐོག་ནས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོར་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གནད་དོན་གལ་ཆེན་མང་པོར་འགྲེལ་བཤད་གསལ་བོ་བྱས་པ་དང་། དེར་བསམ་བློ་རང་བཞིན་དང་མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་ཆེན་པོ་ལྡན་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་གོ་དོན་ཕུན་སུམ་ཚོགས་པར་ཕྱོགས་ཡོངས་ནས་རྒྱུས་ལོན་གསལ་བོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། སྔར་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱིས་མཚོ་སྔོན་འཕེལ་རྒྱས་ཐད་གནས་ཚད་གསར་བ་གཏན་ཁེལ་བྱས་པ་དང་སྒུལ་ནུས་གསར་བ་བསྣན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་བཀོད་སྒྲིག་ལ་དམ་དུ་དམིགས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་བྱེ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱེད་པ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤན་ཤུགས་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མིག་དཔེ་བསྐྲུན་པ། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་སྲུང་སྐྱོབ་དམག་འཐབ་བཟང་བོ་རྒྱག་པ། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་དམའ་བསྒྱུར་བཀོད་དང་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་གྱི་སྒུལ་ནུས་བཟང་པོ་མུ་མཐུད་དུ་ཁྱབ་བསྒྲགས་བྱེད་པ། ཐོན་ལས་གནས་བཞིས་ཕན་ཚུན་སྐུལ་འདེད་དང་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ། མིས་བཟོས་རིག་ནུས་དང་གཞི་གྲངས་རྒྱུ་རྐྱེན་གཙོ་བོའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། ཚོང་འགུག་དངུལ་འདྲེན་བྱ་བ་ནན་ཏན་སྒོས་བསྒྲུབ་པ། ཐབས་བརྒྱ་ཇུས་སྟོང་གིས་དངུལ་གཏོང་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་སྐྱེད་སྲིང་བྱེད་དགོས།

དམངས་ཚིས་ལེགས་བསྒྱུར་བྱེད་པའི་སྟེང་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་བྱེད་པ་དང་། ཀུན་ཕན་རང་བཞིན་དང་རྨང་གཞི་རང་བཞིན། མཐིལ་རྟོགས་རང་བཞིན་གྱི་དམངས་ཚིས་འཛུགས་སྐྲུན་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ། སྤྱི་ཐུན་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ། ཐོན་ལས་དང་ལས་ཞུགས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། རིགས་གསར་བའི་གྲོང་གསེབ་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར་གྱི་འཁོར་རྒྱུག་བཟང་བོ་གྲུབ་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ནས་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་ཏུ་བྱེད་པ། ཁྲིམས་ལྟར་ཆོས་ལུགས་བྱ་བའི་དོ་དམ་ཚད་ལྡན་དུ་བསྒྱུར་བ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང་འཛུགས་སྐྲུན་བཟང་པོ་བྱེད་པ་དང་། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་དང་རྨང་གཞི་བྱ་བ་ལེགས་ཞིབ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཏང་གི་འཛུགས་སྐྲུན་ཐད་ནས་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་བྱེད་པ་དང་། ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་པ་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། སྤྱོད་ཚུལ་འཛུགས་སྐྲུན་མཐོར་འདེགས་གནད་འགག་ཏུ་འཛིན་པ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་ཤུགས་སྣོན་པ། ཁྲིམས་དང་འགལ་ནས་ཟ་འཐུང་བྱེད་པའི་གནད་དོན་དང་ཁྲིམས་དང་འགལ་ནས་འབུལ་རྟེན་སྟེར་ལེན་བྱེད་པའི་གནད་དོན་ལ་རྒྱུན་མཐུད་ངང་ཆེད་དོན་བཅོས་སྐྱོང་བྱེད་པ། ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་གྱི་མཉམ་འདྲེ་རུལ་སུངས་གྱོད་དོན་གཙོར་བཟུང་ནས་ཞིབ་བཤེར་རྩད་གཅོད་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོ་གསར་སྐྲུན་བྱེད་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱིས་དམངས་ཆེན་དང་སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དཔེ་གཞིར་འཛིན་པ་དང་། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཆོད་དོན་གྱིས་དམངས་གཙོའི་ཇུས་ཆོད་ལ་སྐུལ་འདེད་གཏོང་བ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དམངས་གཙོའི་ལྟ་སྐུལ་སྤེལ་བ། ཐོག་མཐའ་བར་གསུམ་དུ་ཁྲིམས་འཛིན་དྲང་བདེན་དང་གཟབ་ནན་ བྱེད་པ། འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་སྐྱིད་སྣང་ཇེ་མཐོར་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མིག་སྔར་གྱི་བྱ་བ་སྣ་ཚོགས་བཟང་བོ་བསྒྲུབ་རྒྱུ་དམ་འཛིན་བྱེད་དགོས། ངེས་པར་དུ་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་དོན་འཁྱོལ་ལ་ཤུགས་སྣོན་པ། བརྟག་བཤེར་ཞིབ་འཇུག་ཟབ་མོ་བྱེད་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་བཏོན་པའི་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་དུས་ཚིགས་དང་པོར་གྲུབ་འབྲས་མངོན་གསལ་ལེན་ཐུབ་པར་བྱེད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ཇུས་འགོད་བྱེད་པར་དམིགས་ནས། རྟོག་ཞིབ་གསལ་བོ་བྱེད་པར་ཤུགས་སྣོན་པ་དང་། སྲིད་ཇུས་ལ་སྔོན་དུ་ཞིབ་འཇུག་དང་ཇུས་འགོད་བྱེད་པ། དངོས་ཐོག་བདེན་འཚོལ་གྱིས་སྤུས་ཚད་མཐོ་བ་དང་སྣེ་ཁྲིད་རང་བཞིན་ལྡན་པའི་ལས་གཞི་བཟང་བོ་སྐོར་ཞིག་ལ་ཇུས་འགོད་བྱས་ཏེ། འཆར་འགོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཚོགས་ཐོག་ནས། ཞིང་ཆེན་ཡོངས་སུ་མྱུར་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་དགོས། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ལས་བགོས་འགན་གཉེར་ཁྱབ་ཁོངས་ལ་ཟུང་འབྲེལ་བྱས་ནས། རྣམ་པ་སྣ་མང་སྤྱད་དེ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་འགྲེལ་ཀློག་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཨུས་བཀོད་སྒྲིག་ཞིབ་མོ་བྱས་ཏེ། སློབ་སྦྱོང་དང་ལག་བསྟར་གྱི་བརྒྱུད་རིམ་དེ་བསམ་བློ་གཅིག་གྱུར་བྱེད་པ་དང་ཕྱོགས་གནས་གཏན་ཁེལ་བྱེད་པ། མི་ལ་སྐུལ་སློང་བྱེད་པའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས། གསར་འགྱུར་སྨྱན་བྱད་ཀྱིས་དྲིལ་སྒྲོག་ཁྱབ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞིང་ཆེན་ཕྱི་ནང་ལ་མཚོ་སྔོན་གྱི་གཏམ་རྒྱུད་བཤད་པ་དང་མཚོ་སྔོན་དྲིལ་སྒྲོག་བྱེད་དགོས། རྒྱ་ཆེའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་འགོ་ཁྲིད་དེ་དྲིལ་སྒྲོག་སྒྲོག་འགྲེལ་དང་སྲིད་ཇུས་འགྲེལ་ཀློག་བྱེད་པར་ཤུགས་སྣོན་པ་དང་། ཚོགས་ཆེན་གཉིས་ཀྱི་དགོངས་དོན་གཞི་རིམ་ཡུལ་དངོས་དང་ཁྱིམ་ཚང་མང་པོར་བརྒྱུད་སྒྲོག་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་སྐོར་ཞིག ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།