ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ཅིན་ཧྲན་མཉེན་ཆས་ཀྱི་རྐང་གཉེར་དབུ་གཙོ་ལེ་ཅུན་དང་བཞུགས་མོལ་བྱས།
2025.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་པེ་ཅིང་དུ་ཞའོ་མིས་སྡེ་ཚོགས་ཀྱི་སྲོལ་འབྱེད་པ། ཅིན་ཧྲིན་མཉེན་ཆས་ཀྱི་རྐང་གཉེར་དབུ་གཙོ་ལེ་ཅུན་དང་བཞུགས་མོལ་བྱས།

ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱས་པ་དང་། ཆུ་མོད་པ་དང་འོད་ཀྱི་ཕྱུག་པ། རླུང་བཟང་བ་དང་ས་རྒྱ་ཆེ་བའི་ཐོན་ཁུངས་ཀྱི་དགེ་མཚན་ལ་རྟེན་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱས་པ་དང་། རྒྱལ་ཡོངས་སུ་ཐོག་མར་ནུས་ཁུངས་གསར་བས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་དང་གློག་འདོན་ཚད་ཀྱི་ཟིན་ཚད་ཀྱི་གཙོ་གཞི་གཉིས་མངོན་འགྱུར་བྱས་པ་མ་ཟད། མིས་བཟོས་རིག་ནུས་འཕེལ་རྒྱས་དུས་སྐབས་ཀྱི་གོ་སྐབས་དམ་འཛིན་བྱས་པས། རྩིས་ནུས་མཉམ་ལས་བྱ་བའི་ཐད་ནས་རྒྱལ་ཁབ་ཀྱི་སྐོར་དང་པོའི་རྒྱབ་སྐྱོར་ཐོབ་པ་དང་། ནུས་ཁུངས་འཛོམས་པོ་དང་གློག་རིན་ཧ་ཅང་དམའ་བ། ལྗང་མདོག་ཧ་ཅང་ལེགས་པ། ནམ་ཟླ་ཧ་ཅང་བཟང་བ། ནུས་ཟད་ཧ་ཅང་ཉུང་བ། གྲུབ་འབྲས་ཧ་ཅང་བཟང་བའི་ལྗང་མདོག་རྩིས་ནུས་འཕེལ་རྒྱས་ཀྱི་དགེ་མཚན་རྒྱུན་མ་ཆད་པར་མངོན་ཡོང་། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། ད་ཡོད་ཀྱི་རྨང་གཞིའི་སྟེང་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ། ཕྱོགས་གཉིས་ཀྱི་ཁྱད་ཆོས་དགེ་མཚན་ཟུང་འབྲེལ་དམ་ཟབ་བྱེད་པ། མཚོ་སྔོན་གྱི་དངུལ་གཏོང་བཀོད་སྒྲིག་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ། ས་བབ་དང་བསྟུན་ནས་ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་སྟེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ལེ་ཅུན་གྱིས་བསྟན་དོན། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་མངོན་གསལ་ཡིན་པ་དང་སྦས་ཤུགས་ཧ་ཅང་ཆེ་བས། ཅིན་ཧྲན་མཉེན་ཆས་གསར་གཏོད་དང་སྐྱེ་ཁམས་ལེགས་བསྡུས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མུ་མཐུད་དུ་མིས་བཟོས་རིག་ནུས་དང་གཞི་གྲངས་གཞུང་སྒྲུབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བར་རམ་འདེགས་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། ཅིན་ཧྲན་མཉེན་ཆས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཙིག་ཐའོ་བཞུགས་མོལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།