ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས།
2025.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས14ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པར་མ་ཟད། ལག་ལེན་དངོས་འབེབས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་མཇུག་སྒྲིལ་བ་དང་སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་གནད་འགག་གི་ལོར་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བཅས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཏིང་ཟབ་པར་ཁོང་དུ་ཆུད་པར་བྱེད་པ་དང་། ཟོལ་མེད་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་ཐབས་ཇུས་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་རེ་བའི་སྟེང་གཅིག་གྱུར་བྱས་ཤིང་། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་མི་སེམས་དང་ཐུན་མོང་ལྟ་ཚུལ་དང་བློ་གྲོས། སྟོབས་ཤུགས་བཅས་གཅིག་སྒྲིལ་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བསྟུད་མར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པའི་ཐད་ནུས་པ་བཏོན་ནས། ཆབ་སྲིད་ལངས་ཕྱོགས་མཐོར་འདེགས་དང་འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཡང་དག་པའི་སྒོ་ནས་སྲིད་གྲོས་འགན་སྒྲུབ་ཀྱི་གནད་ས་ཁོང་དུ་ཆུད་པར་བྱེད་པ་དང་། ཧུར་ཐག་སྒོས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་རྟོག སྲིད་ཞུགས་སྲིད་གླེང་གི་ནུས་པའི་ཆུ་ཚད་མཐོར་འདེགས་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ལྟེ་གནས་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པ་གཙོ་ཐིག་ཏུ་བཟུང་ཞིང་། སེམས་ཞིབ་མོས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ་ངོ70འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ ནས་རྒྱུན་ཆད་མེད་པར་དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ཧྲིལ་བོའི་སྲིད་གྲོས་འཆར་གཞི་དངོས་འབེབས་བྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཐོན་ལས་གནས་བཞིའི་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འཆར་འགོད་གཏན་འབེབས་བྱེད་པ་སོགས་དཀའ་གནད་དག་གནད་སར་བཟུང་སྟེ། རྟོག་ཞིབ་གྲོས་མོལ་གཏིང་ཟབ་ཏུ་བྱེད་པ་དང་དངོས་གཉེར་གྱི་བློ་འདོན་ཇུས་འབུལ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་རྒྱུན་འཁྱོངས་བྱས་ཤིང་། འགན་འཁྲི་དང་བརྩེ་སེམས་བཟུང་ནས་བསམ་བློའི་བརྗེ་རེས་ཟབ་མོ་བྱེད་པ་དང་མཐུན་སྒྲིལ་མཛའ་འབྲེལ་བྱ་བ་བཟང་བོར་བསྒྲུབས་ཏེ། ནན་ཏན་གྱིས་ཨུ་ཡོན་གྱིས་འགན་ཁྲི་ལག་བསྟར་བྱས་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་ཨུ་ཡོན་གྱིས་བཅོས་བསྒྱུར་ཐད་བློ་འདོན་ཇུས་འབུལ་བྱེད་པའི་བྱ་འགུལ་རྩ་འཛུགས་བྱས་ཏེ། ཡིད་ཆེས་ཇེ་ཆེར་འགྲོ་བ་དང་མི་སེམས་དྲོ་བའི་བྱ་བ་མང་དུ་བསྒྲུབ་དགོས།

སྲིད་གྲོས་ཁོངས་གཏོགས་ཀྱིས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ལས་འགན་དམ་འཛིན་བྱས་ཤིང་། བསྟུད་མར་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་ཅན་དང་ཚད་ལྡན་ཅན། ལས་རིམ་ཅན་སོགས་ཀྱི་བྱེད་ནུས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོས་མོལ་ཁྲོད་བྱེད་ཐབས་འདོན་པ་དང་། ཐུན་མོང་ལྟ་ཚུལ་འབྱུང་བ། བརྩེ་སེམས་མངོན་པ། མཐུན་སྒྲིལ་ཡོང་བ་བཅས་བྱས་ཏེ། ཏང་གི་སྲིད་ཇུས་ཀྱི་དྲིལ་སྒྲོག་པ་དང་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོབ་མཁན། སྤྱི་ཚོགས་འཆམ་མཐུན་གྱི་སྐུལ་འདེད་མཁན་བཅས་བྱེད་དགོས་ཟེར།

རིན་ཆེན་རྣམ་རྒྱལ་དང། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། ཐེན་ཁོས། ལིའུ་ཏཱ་ཡེ། མཱ་ཡའོ་ཞང་། ཕིན་ཡུག་ཏུང་། ཞེ་པའོ་ཨིན་བཅས་ཚོགས་འདུར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།