ཟླ3ཚེས14ཉིན། ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཚོགས་འདུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གཙོ་བོས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཐད་བཏོན་པའི་མཆན་བཀོད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། 2024ལོའི་བྱ་བར་སྤྱི་སྡོམ་དང་། 2025ལོའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པད་མ་ཡིས་བྱ་བའི་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀུའོ་རུའུ་ཀྲོ་དང་། ཀྲུའུ་རིན་གཞོན་པ་ཧན་ཡུས་ཀུའེ་དང་མཱ་ཀྲི་ཝུའེ་བཅས་ཚོགས་འདུར་ཞུགས།
ཚོགས་འདུ་ལས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེའི“རྒན་ལྔ”ཡིས་ཞབས་ཞུའི་ལྟེ་གནས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་བརྩེ་སེམས་ཆེན་པོས་ལེགས་སྐྱེས་ཕུལ་བ་དང་། མིག་དཔེ་བསྟན་ནས་བསྔགས་བརྗོད་ཐོབ་ཡོད། ལོ་གསར་བའི་ནང་ཆབ་སྲིད་འཛུགས་སྐྲུན་འབུར་དུ་ཐོན་པར་བྱས་ཏེ“རྒན་ལྔའི”སྦས་ཤུགས་ནུས་ལྡན་ངང་འདོན་པ་དང་། བསམ་བློའི་སྣེ་ཁྲིད་གཏིང་ཟབ་ཏུ་གཏོང་བ། རྩ་འཛུགས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། རིགས་པའི་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་འབུར་དུ་ཐོན་པར་བྱས་ཏེ་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱང་ཚད་དང་བྱམས་བརྩེ་གསོ་སྐྱོང་དང་། ཀུན་སྤྱོད་གསོ་སྐྱོང་། སྤུས་རྟགས་འཛུགས་སྐྲུན་བཅས་ལ་མཐོང་ཆེན་བྱེད་དགོས། འཚར་ལོངས་དང་འཇོན་མི་འབུར་དུ་ཐོན་པར་བྱེད་པ་དང་། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཁྲིམས་སྐྱོང་གི་འགན་སྲུང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ། གཅེས་སྐྱོང་རོགས་རམ་ལེགས་པོ་བྱས་ཏེ་ཁྱིམ་ཚང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རང་ངོས་འཛུགས་སྐྲུན་འབུར་དུ་ཐོན་པར་བྱེད་པ་དང་། བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ། གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་མོ་བྱེད་པ། དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བྱ་བའི་མཉམ་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་བཅས་བྱ་དགོས།
ཚོགས་འདུའི་སྟེང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རྨ་ལྷོ་ཁུལ། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་སྤྱིའི་བཟོ་ཚོགས་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་སོ་སོ། ཆེད་སྦྱོང་དང་སློབ་ཆེན་སློབ་གྲྭ་སོ་སོའི་འགན་ཁུར་བློ་མཐུན། ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱམས་སྐྱོང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་པ་དང་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པའི་ཅུའུ་ཡི་ལས་ཁུངས་ཀྱི་ཁྲུའུ་དང་གཞུང་སྒྲུབ་ཁང་སོ་སོ། ཟི་ལིང་དུ་ཡོད་པའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།