ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་སྔོན་འཛད་སྤྱོད་འཕེལ་བར་བྱེད་པའི་ཆེད་དོན་འགུལ་སྐྱོད་ཇུས་གཞི་པར་འགྲེམས་བྱས།
ཇུས་གཞི་ལས་བསྟན་དོན། ཤུགས་ཆེན་པོས་འཛད་སྤྱོད་འཕེལ་བར་བྱེད་པ་། ཕྱོགས་སོ་སོ་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་པ། ཡོང་འབབ་འཕར་བ་དང་འགན་འཁྲི་ཇེ་ཉུང་དུ་བཏང་ནས་འཛད་སྤྱོད་ནུས་པ་མཐོར་འདེགས་གཏོང་བ་དང་། སྤུས་ཚད་མཐོ་བའི་མཁོ་འདོན་གྱིས་ཕན་ནུས་ལྡན་པའི་དགོས་མཁོ་གསར་སྐྲུན་བྱེད་པ། འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་བྱས་ནས་འཛད་སྤྱོད་རེ་འདུན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འཛད་སྤྱོད་ལ་བཀག་རྒྱ་བཟོ་བའི་འབུར་ཐོན་འགལ་བ་དང་གནད་དོན་ཐག་གཅོད་བྱེད་དགོས་ཟེར།
གཅིག་ནས་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་བར་བྱེད་པའི་འགུལ་སྐྱོད་སྤེལ་དགོས། ཟླ་ཕོགས་རང་བཞིན་གྱི་ཡོང་འབབ་ལུགས་མཐུན་གྱིས་ཇེ་མང་དུ་གཏོང་བར་ཡར་སྐུལ་བྱེད་པ་དང་། ནོར་སྲིད་རང་བཞིན་གྱི་ཡོང་འབབ་ཐབས་ལམ་རྒྱ་བསྐྱེད་དེ། བྱེད་ཐབས་མང་བོས་ཞིང་བའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ་དང་ཟླ་ཕོགས་ཆད་ལ་འཇོག་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས།
གཉིས་ནས་འཛད་སྤྱོད་ནུས་པའི་འགན་སྲུང་རྒྱབ་སྐྱོར་འགུལ་སྐྱོད་སྤེལ་དགོས། བྱིས་པ་སྐྱེས་པ་དང་རྒན་གསོའི་འགན་སྲུང་ཤུགས་ཚད་ཇེ་ཆེར་བཏང་ཞིང་། སློབ་གསོའི་གཞོགས་འདེགས་ལ་ཤུགས་སྣོན་པ་དང་སློབ་ལོ་རན་པའི་མི་གྲངས་མཁར་གྲོང་དུ་ཡོང་བའི་སློབ་གསོའི་ཐོན་ཁུངས་མཁོ་འདོན་རྒྱ་བསྐྱེད་དགོས་ལ། སྨན་བཅོས་རྒན་གསོའི་འགན་སྲུང་ནུས་པ་ཇེ་ཆེར་བཏང་སྟེ་གནད་སའི་མི་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས།
གསུམ་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་འདེགས་དམངས་ཕན་འགུལ་སྐྱོད་སྤེལ་དགོས། རྒན་པ་དང་ལོ་ཆུང་གི་ཞབས་ཞུའི་མཁོ་འདོན་ཇེ་ལེགས་སུ་བཏང་སྟེ། འཚོ་བའི་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་དང་ལུས་རྩལ། ཡུལ་སྐོར་བཅས་ཀྱི་འཛད་སྤྱོད་རྒྱ་བསྐྱེད་པ། གངས་འཁྱག་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁོངས་སུ་ཡོང་བའི་འཛད་སྤྱོད་འཕེལ་རྒྱས་སུ་བཏང་ནས། ཞབས་ཞུ་ལས་རིགས་ཀྱིས་སྒོ་འབྱེད་རྒྱ་བསྐྱེད་པར་བརྟན་པོས་ངང་སྐུལ་འདེད་གཏོང་དགོས།
བཞི་ནས་རྒྱུན་མཁོའི་འཛད་སྤྱོད་ཀྱི་གསར་སྒྱུར་རིམ་སྤོར་འགུལ་སྐྱོད་སྤེལ་དགོས། འཛད་སྤྱོད་དངོས་རྫས་ཀྱི་རྙིང་བ་གསར་བརྗེའི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་སྡོད་ཁང་འཛད་སྤྱོད་ཀྱི་དགོས་མཁོ་བསྐང་ནས། རླངས་འཁོར་འཛད་སྤྱོད་ཀྱི་མུ་རྒྱུན་བསྲིང་དགོས།
ལྔ་ནས་འཛད་སྤྱོད་དངོས་རྫས་ཀྱི་སྤུས་འདེགས་འགུལ་སྐྱོད་སྤེལ་དགོས། འཛད་སྤྱོད་དངོས་རྫས་ཀྱི་ཚོང་རྟགས་སྣེ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། རྣམ་པ་གསར་བའི་འཛད་སྤྱོད་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ཕྱི་ནང་གི་ཉོ་ཚོང་གཞི་གཅིག་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་དགོས།
དྲུག་ནས་འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱེད་པའི་འགུལ་སྐྱོད་སྤེལ་དགོས། ངལ་གསོའི་ཁེ་དབང་ལ་འགན་སྲུང་བྱེད་པ་དང་། ཟླ་ཕོགས་ཡོད་པའི་ལོ་ཧྲིལ་བོའི་ངལ་གསོ་དང་ཡུན་ཐུང་གནང་བའི་ངལ་གསོ་ལ་སྐུལ་མ་བཏང་ནས། བབ་བསྟུན་གྱིས་ངལ་གསོ་བྱེད་པ་མངོན་འགྱུར་བྱེད་དགོས་ལ། ཁྲིམས་འགལ་གྱིས་ངལ་རྩོལ་པའི་བྱ་བའི་དུས་ཚོད་ཇེ་རིང་དུ་གཏོང་མི་རུང་། བློ་བདེའི་འཛད་སྤྱོད་ཁོར་ཡུག་བསྐྲུན་ནས་གྲོང་གསེབ་ཀྱི་འཛད་སྤྱོད་སྒྲིག་ཆས་འཐུས་ཚང་དུ་གཏོང་དགོས།
བདུན་ནས་ཚོད་འཛིན་བྱེད་ཐབས་ལེགས་སྒྱུར་འགུལ་སྐྱོད་སྤེལ་དགོས། གོ་རིམ་ལྡན་པའི་སྒོ་ནས་འཛད་སྤྱོད་ཚོད་འཛིན་ཇེ་ཉུང་དུ་གཏོང་དགོས་པ་དང་། རླངས་འཁོར་སོགས་ཀྱི་འཛད་སྤྱོད་དེ་ཉོ་བསྡུའི་དོ་དམ་ནས་བེད་སྤྱོད་དོ་དམ་གྱི་རྣམ་པར་བསྒྱུར་བར་སྐུལ་འདེད་གཏོང་བ་དང་རླངས་འཁོར་མེད་པའི་ཁྱིམ་ཚང་གིས་རླངས་འཁོར་ཉོ་བའི་དགོས་མཁོར་འགན་སྲུང་བྱས་ནས་མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་དགོས།
ཇུས་གཞི་ལས་ད་རུང་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་རེ་བ་ཞིབ་མོ་བཏོན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།