ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2025.03.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ3པའི་ཚེས18ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཉེར་བཞི་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་སུ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པར་རྒྱལ་ཁ་ལེན་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་བྱེད་པའི་གནད་འགག་དུས་རིམ་དུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པར་ཆབ་སྲིད་རང་བཞིན་དང་། གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན་དྲག་པོ་ལྡན་པས། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པའི་སྟེང་ཤུགས་འདོན་དགོས་ལ། ཚད་འཛིན་དཔེ་སྡུར་དང་དངོས་འབེབས་བྱེད་པའི་སྟེང་གྲུབ་འབྲས་མངོན་པར་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྟེང་དམ་འཛིན་དངོས་སྒྲུབ་དང་འབད་འབུངས་སྔོན་བརྩོན་བྱེད་དགོས་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཚད་འཛིན་དུ་བྱེད་པ་དང་། བྱ་བའི་སྙན་ཞུ་སོ་སོས་བསྟན་པའི་ཁ་གསལ་གྱི་དམིགས་འབེན་ལས་འགན་ལ་དཔེ་སྡུར་བྱས་ཏེ། གཙོ་གནད་གཅིག་དང་འཆར་གཞི་གསུམ་སྔར་ལས་ཞིབ་ཚགས་དོན་དངོས་སུ་བསྒྱུར་བ་དང་། བཅོས་སྒྱུར་གཏིང་ཟབ་དང་ཁྲིམས་སྐྱོང་ལ་སྐུལ་འདེད། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་སོགས་ཕྱོགས་ནས་འགན་འཁྲི་ལག་བསྟར་བཟང་པོ་བྱེད་དགོས། དཔུང་ཁག་སྟོབས་ལྡན་ཞིག་བསྐྲུན་ཆེད་རྣམ་དཔྱོད་མཐོར་འདེགས་དང་། སྤུས་ཚད་མཐོར་འདེགས་བཏང་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་སྤེལ་ཏེ། གསར་དུ་བཟོ་བཅོས་རྒྱབ་པའི་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང་ཟུང་འབྲེལ་བྱས་ནས། ལས་ཁུངས་བཞི་འཛུགས་སྐྲུན་བྱེད་པའི་སྤུས་ཚད་དང་ཆུ་ཚད་དངོས་སུ་མཐོར་འདེགས་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་དུང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི2025ལོའི་བྱ་བའི་གཙོ་གནད་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་རྟོག་ཞིབ་དཔྱད་ཞིབ་བྱ་བའི་འཆར་གཞི་དང་བྱ་བའི་འཕེལ་རིམ་བཀོད་སྒྲིག་གི་སྙན་ཞུར་ཉན།

རིག་འཛིན་སྒྲོལ་མས་བསྒྱུར།