ཟླ3པའི་ཚེས21ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུ་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་སྐུལ་སློང་གཏམ་བཤད་སྤེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་སྐུལ་སློང་བྱས་ནས་འབད་བརྩོན་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བཟང་པོ་བྱེད་པ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་མུ་མཐུད་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་འཛིན་གྲྭ་བསྡུ་མགོ་རྩོམ་པའི་བྱེད་སྒོར་མགོ་འཛིན་བྱས་པར་མ་ཟད་ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གྲུབ་འབྲས་དང་ཉམས་མྱོང་ཁྱབ་བསྒྲགས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་བྱེད་སྒོར་ཞུགས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་གི་འཛུགས་སྐྲུན་བྱ་བའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཆེན་གོང་འོག་ཡོངས་ཀྱིས་སློབ་སྦྱོང་སློབ་གསོའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། ལག་ལེན་རང་བཞིན་བཅས་ལ་ངོས་འཛིན་ཟབ་མོ་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ཉམས་ལེན་དང་བསམ་བློ་ཡར་སྐྱེད། བྱེད་ཕྱོགས་སྦྱོང་བརྡར་ཞིག་ཏུ་བརྩིས་ཏེ། གྲི་ཁ་ནང་ལ་སྐོར་བར་བརྟེན་ནས་རང་ངོས་གསར་བརྗེ་བྱེད་པ་དང་། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱེད་པ། སྤྱོད་བསྲང་སྒྲིག་ནན་དང་རུལ་སུངས་ལ་རྒོལ་བ་ཕན་ཚུན་འབྲེལ་བར་བྱེད་པ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་གཙོ་དོན་ལག་བསྟར་བྱེད་པ། ཐོག་མཐའ་བར་གསུམ་དུ་ཁྱད་འཕགས་ཀྱི་བསམ་པའི་རྣམ་འགྱུར་དང་སྤྱོད་ཚུལ་ལེགས་པོས་མཐུན་སྒྲིལ་འབད་འཐབ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། མང་ཚོགས་རྣམས་ལ་སློབ་སྦྱོང་སློབ་གསོ་ལས་བསྐྲུན་པའི་རྣམ་པ་གསར་བ་དང་འགྱུར་ལྡོག་གསར་བ་དངོས་སུ་ཚོར་དུ་འཇུག་དགོས།
ཝུའུ་ཞའོ་ཅུན་གྱིས་ཐེངས་འདིའི་སློབ་སྦྱོང་སློབ་གསོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། སློབ་སྦྱོང་སློབ་གསོ་དེ་ཉིན་རྒྱུན་ཁྲོད་འདྲེས་པར་བྱེད་པ་དང་། དུས་རྒྱུན་ནན་འཛིན་བྱས་ཏེ། སློབ་སྦྱོང་དང་ཞིབ་བཤེར། ལེགས་བཅོས་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཏང་སྲོལ་སྲིད་སྲོལ་སྔར་ལས་གསལ་དག་ཡིན་པར་སྐུལ་འདེད་གཏོང་བ། ཏང་དང་ཚོགས་ཁག་གི་འབྲེལ་བ་སྔར་ལས་དམ་ཟབ་ཡིན་པ། ལས་བྱེད་པའི་སྤྱོད་ཚུལ་སྔར་ལས་གཟབ་ནན་ཡིན་པ། ལམ་ལུགས་རྐྱེན་སྲོལ་སྔར་ལས་འཐུས་ཚང་ཡིན་པ། མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཤུགས་དྲག་ཏུ་བཏང་སྟེ། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ནུས་ཚད་ཡོད་པ། ལེགས་བཅོས་ལ་ཕན་འབྲས་མངོན་པར་ཁག་ཐེག་བྱ་དགོས། ཆབ་སྲིད་ཀྱི་འགན་འཁྲི་ནན་དཀྲི་དང་ཇེ་དམ་དུ་བཏང་སྟེ། ཚད་རིམ་དང་ས་ཁུལ། ཁྱབ་ཁོངས། ལས་རིགས་མི་འདྲ་བའི་དོན་དངོས་ཟུང་འབྲེལ་བྱས་ཏེ་ཇུས་བསྟར་གནད་འཁེལ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་ལ་རྒོལ་བ་དེ་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་དཔྱད་གླེང་གི་རྣམ་པ་སྟུག་པོ་ཞིག་གྲུབ་པར་བྱས་ནས་སློབ་སྦྱོང་སློབ་གསོའི་གཟབ་ནན་རང་བཞིན་ལ་ཁག་ཐེག་བྱ་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པར་སློབ་གསོས་སྣེ་ཁྲིད་དེ་སྔར་ལས་དངོས་གཉེར་ཕན་ཡོད་ཀྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྐུལ་སྤེལ་ནན་མོ་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དངོས་སུ་ཇེ་དྲག་ཏུ་གཏོང་བ་དང་། བྱེད་ཕྱོགས་ལེགས་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། སློབ་སྦྱོང་ཟབ་མོ་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་སློབ་སྦྱོང་ལ་སྣེ་ཁྲིད་དང་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་བའི་སྟེང་རྒྱུན་མཐུད་ཀྱིས་ཤུགས་བཏོན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་བྱེད་ཕྱོགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་གོ་དོན་མཐིལ་རྟོགས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་དགོངས་དོན་གྱི་སྲོག་ཤིང་རྩ་གནད་དང་ལག་ལེན་བླང་བྱ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་སྲོལ་འདུ་ཤེས་མུ་མཐུད་ཤུགས་དྲག་ཏུ་གཏོང་བ་དང་། ཚུལ་མིན་སྤྱོད་ཚུལ་ཐོན་པར་རང་ཤུགས་ཀྱིས་བཀག་འགོག་བྱ་དགོས་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་སྐུལ་སློང་བྱས་ཏེ་བྱེད་ཕྱོགས་ཚུལ་སྒྱུར་དང་སྲོལ་ངན་བཅོས་སྐྱོང་། སྲོལ་གསར་གསར་འཛུགས་བྱེད་དགོས་ཤིང་། ལག་ལེན་གྱི་ལྟ་བས་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་ནན་མོ་བྱེད་པ་དང་། ཆེས་གཟབ་ནན་གྱི་བླང་བྱ་དང་ཆེས་མཐོ་བའི་ཚད་གཞི་ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དྲག་པོར་འགྱུར་བར་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་ཀྱི་མཇུག་ལེགས་པོར་བསྡུ་བར་ཁག་ཐེག་བྱ་དགོས་ཟེར།
ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ལས་ཁུངས། མི་དམངས་ཚོགས་པ། མང་ཚོགས་ཚོགས་པ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་ཏང་ཙུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་བཅས་བྱེད་སྒོར་ཞུགས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།