ཟླ3པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་གྲོས་ཞུགས་གོང་མའི་གྲོས་དཔོན་ལཱ་ལུའུ་སཱ་དང་གྲོས་མོལ་གནང་།
ཟླ3པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་གྲོས་ཞུགས་གོང་མའི་གྲོས་དཔོན་ལཱ་ལུའུ་སཱ་དང་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་ན་ནིང་ནི་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ20འགོར་བའི་ལོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲི་ཡོང་བའི་ཙུང་ཐུང་མཱ་ཐ་ལེ་ལཱ་དང་དང་། ཙུང་ལི་མའེ་ལོ་ཉི་གཉིས་དང་བརྗེ་རེས་ཟབ་མོ་གནང་ཞིང་། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཐད་འཆར་གཞི་གསར་བ་མཉམ་དུ་བཀོད་ཡོད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་དང་སྐུལ་འདེད་འོག ཀྲུང་གོ་དང་དབྱི་ཐ་ལིའི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཅིང་། མི་ཆོས་བརྗེ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་བསྐྲུན་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་འབྲེལ་བ་བཙུགས་ནས་ལོ་ངོ55འགོར་བའི་རིང་། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བས་བདེ་ཐང་དང་བརྟན་འཇགས་འཕེལ་རྒྱས་སྲུང་འཛིན་བྱེད་ཐུབ་པའི་གནད་འགག་དེ་ཡང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། མཐུན་པ་མཉམ་གནས་དང་མི་མཐུན་པ་སོར་འཇོག་བྱེད་པ། མཉམ་ལས་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་པར་ཐུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། དབྱི་ཐ་ལི་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ་དང་། རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ་དང་། ཐུན་མོང་ངོས་འཛིན་རྒྱ་བསྐྱེད་པ། ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ལ་བྱས་རྗེས་འཇོག་པའི་འཐབ་ཇུས་གྲོགས་པོ་བྱེད་པ། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། གྲུ་གཟིངས་བཟོ་བསྐྲུན་དང་མཁའ་འགྲུལ་ལས་དོན། ནུས་ཁུངས་གསར་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་ཟབ་མོ་བྱེད་པ། ལག་རྡང་མཉམ་སྦྲེལ་གྱིས་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པར་སྐུལ་ཁྲིད་བྱས་ཏེ། རིག་གནས་སྒྱུ་རྩལ་དང་ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མི་རབས་མཛའ་འབྲེལ་མི་སེམས་སུ་འཇགས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཀྲའོ་ལི་ཅི་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་དབྱི་ཐ་ལིའི་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་སྐོར་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་དངོས་འབེབས་བཟང་པོ་བྱས་ཏེ། ཁྲིམས་འཛུགས་ལས་ཁུངས་ཀྱི་མཐོ་རིམ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། ཕྱོགས་གཉིས་ཀྱི་མཛའ་འབྲེལ་ཚན་ཆུང་། དམངས་ཆེན་འཐུས་མི་དང་གྲོས་མིའི་བར་གྱི་མཛའ་བརྩེའི་འགྲོ་འོང་ལ་ཤུགས་སྣོན་པ་དང། བརྗེ་རེས་ཡིད་རྟོན་གཏིང་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ། ཕྱོགས་མང་གྲོས་མོལ་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་འབྲེལ་འདྲིས་ལ་ཤུགས་བསྣན་ནས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཅེས་ནན་གྱིས་བསྟན།
ཀྲའོ་ལི་ཅི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་རྒྱུན་མཐུད་བརྟན་འཇགས་དང་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅིང་། དབྱི་ཐ་ལི་ཕྱོགས་ཀྱིས་མུ་མཐུད་དུ་ནུས་པ་ཆེན་པོ་འདོན་སྤེལ་བྱ་རྒྱུའི་རེ་བ་བཅངས་ཡོད་པའི་ཚུལ་བསྟན།
ཀྲའོ་ལི་ཅི་ཡིས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་ལེགས་པོ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་སྲིད་ཇུས་བྱེད་ཐབས་མཚམས་སྦྱོར་བྱས། ཁོང་གིས་དབྱི་ཐ་ལི་འདུས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་མཉམ་ལས་གོ་སྐབས་དམ་འཛིན་བྱས་ནས་ཀྲུང་གོའི་དཔལ་འབྱོར་དང་མཉམ་དུ་འཚར་ལོངས་འབྱུང་བར་དགའ་བསུ་ཞུ་བའི་ཚུལ་བསྟན།
ལཱ་ལུའུ་སཱ་ཡིས་བསྟན་དོན། དབྱི་ཐ་ལི་དང་ཀྲུང་གོ་ནི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་ཡིན་ལ། མིག་སྔར་གྱི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག དབྱི་ཐ་ལི་དང་ཀྲུང་གོའི་མཉམ་ལས་ཀྱིས་འཛམ་གླིང་ཞི་བདེ་བརྟན་འཇགས་ཐད་བྱས་རྗེས་གསར་བ་བཞག་ཡོད། དབྱི་ཐ་ལིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་དང་བྱེད་ནུས་ལ་གདེང་འཇོག་ཆེན་པོ་བྱས་ཡོད། མཉམ་དུ་དབྱི་ཐ་ལི་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་སྐོར་གྱི་འགུལ་སྐྱོད་འཆར་གཞིར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ཉོ་ཚོང་དང་ཚན་རིག་ལག་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་བདེ་ཐང་བརྟན་འཇགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱས་ཡོད། དབྱི་ཐ་ལིའི་གྲོས་ཁང་གོང་མས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་བརྩེ་འགྲོ་འོང་ཇེ་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་འབྲེལ་བརྩེ་སེམས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
ཝང་ཏུང་མེན་གྲོས་མོལ་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།