མཚོ་སྔོན་གྱི་དྲ་རྒྱའི་སྨྱན་བྱད་མཐུན་ཚོགས་བཙུགས།
2025.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་གྱི་དྲ་རྒྱའི་སྨྱན་བྱད་མཐུན་ཚོགས་འཛུགས་པའི་གྲོས་ཚོགས་ཟླ3པའི་ཚེས25ཉིན་ཟི་ལིང་དུ་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་མཐུན་ཚོགས་ཀྱི་བྱང་ཡོལ་བླངས།

ཉེ་བའི་ལོ་འགའི་རིང་ལ། མཉམ་འབྲེལ་དྲ་རྒྱའི་ལག་རྩལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།  སྨྱན་བྱད་ཀྱི་གྲུབ་ཚུལ་དང་གླེང་ཕྱོགས་ཀྱི་སྐྱེ་ཁམས། བརྒྱུད་སྒྲོག་གི་རྣམ་པ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། མཉམ་འབྲེལ་དྲ་རྒྱ་དེ་ཆ་འཕྲིན་བརྒྱུད་སྒྲོག་གི་ཐབས་ལམ་གཙོ་བོ་དང་སྟེགས་བུ་གཙོ་བོར་གྱུར་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་རང་ཞིང་གིས་དྲ་རྒྱའི་སྨྱན་བྱད་དང་དྲ་གྲགས་མི་སྣའི་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་རེ་བ་ལག་བསྟར་ཟབ་མོ་བྱེད་པ་དང་། དེའི་དྲ་རྒྱའི་བདེ་འཇགས་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད། དབྱངས་རྟ་གཙོ་བོ་དར་སྤེལ་གཏོང་བ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བའི་ཕྱོགས་ཀྱི་ཤན་ཤུགས་དང་བརྒྱུད་སྒྲོག་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་གིས་མཛུབ་སྟོན་བྱས་པ་དང་། མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཏང་གི་འཚོ་བའི་དུས་དེབ་ཁང་། མཚོ་སྔོན་ཞིང་ཆེན་མཉམ་འབྲེལ་དྲ་རྒྱའི་གསར་འགྱུར་ལྟེ་གནས། མཚོ་སྔོན་ཀྲའོ་ཝེ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཐེན་ཁྲིན་དྲ་རྒྱའི་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་ལས་ཁུངས་དྲུག་གིས་མཉམ་དུ་མཚོ་སྔོན་དྲ་རྒྱའི་སྨྱན་བྱད་མཐུན་ཚོགས་བཙུགས། མཐུན་ཚོགས་ཀྱིས་སྨྱན་བྱད་གསར་བའི་བརྗེ་རེས་དང་དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག མཉམ་འབྲེལ་དྲ་རྒྱའི་ཐད་ཀྱི་འཇོན་མི་བསྡུ་རུབ། མཉམ་འབྲེལ་དྲ་རྒྱའི་ལས་རིགས་ཀྱི་རང་གཅུན་སྟེགས་བུ་བཅས་བཙུགས་ནས། དྲ་རྒྱའི་སྨྱན་བྱད་ཀྱི་སྟོབས་ཤུགས་སྔར་ལས་ཕྱོགས་གཅིག་ཏུ་བསྡུ་བ་དང་། དྲ་རྒྱའི་སྨྱན་བྱད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་ཤུགས་སྣོན་པ། མཚོ་སྔོན་གྱི་དྲ་རྒྱའི་སྨྱན་བྱད་བར་ཕན་ཚུན་སློབ་སྦྱོང་བྱེད་པ་དང་མཉམ་དུ་མཐོར་འདེགས་བྱེད་པར་སྣེ་ཁྲིད་བྱེད་པ། དྲ་རྒྱའི་གླེང་ཕྱོགས་ཀྱི་གཡུལ་ས་གཙོ་བོ་བརྟན་སྲུང་བྱེད་པ། མཚོ་སྔོན་འཕེལ་རྒྱས་ཀྱི་འབོད་སྒྲ་མཐོན་པོར་སྒྲོག་པ། དྭངས་གཙང་གི་དྲ་རྒྱའི་སྐྱེ་ཁམས་གསར་བ་མཉམ་སྐྲུན་བྱེད་པ། ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཆེར་སྐྱེད་པ། རང་ཞིང་གི་དྲ་རྒྱའི་སྨྱན་བྱད་རྩ་འཛུགས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེ་དྲ་རྒྱའི་སྨྱན་བྱད་ཀྱི་ཁྱིམ་དང་དྲ་རྒྱའི་ཁེ་ལས་ཀྱི་ཁྱིམ། དྲ་དམངས་ཀྱི་ཁྱིམ་དུ་འགྱུར་བར་བྱེད་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་དྲ་རྒྱའི་སྨྱན་བྱད་ཀྱི་སྟོབས་ཤུགས་འབུལ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།