ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཟླ3པའི་ཚེས24ཉིན་ནས་ཚེས25ཉིན་བར་ཧའེ་ནན་དུ་རྟོག་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་པར་སྐུལ་འདེད་བཏང་སྟེ། ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཁྲིད་སྟོན་བྱེད་པའི་སྒོ་མོ་གལ་ཆེན་དུ་འགྱུར་བར་འབད་པ་བྱེད་དགོས་ཞེས་ནན་གྱིས་གསུངས།
ཏེན་ཞུའེ་ཞང་ཧའེ་ནན་སྤྱི་ཚོགས་དོ་དམ་ཆ་འཕྲིན་ཅན་སྟེགས་བུ་དང་ཧའེ་ཁུའུ་མའེ་ལཱན་གནམ་གྲུ་ཐང་། ཧའེ་ནན་གྱི་གྲུ་ཁ་གསར་བའི་འགྲམ་རྒྱུད་གཉིས་པ་བཅས་ལ་ཕེབས་ནས། བཀག་སྡོམ་ལྷོད་པའི་འཁོར་རྒྱུག་གི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས་པ་དང་། ལྟ་སྐུལ་དོ་དམ་རྣམ་པ་འཐུས་ཚང་དུ་བཏང་ཞིང་། སྒྲིག་ཆས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཏེན་ཞུའེ་ཞང་གིས་ཧའེ་ནན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་པར་རིམ་གྱིས་འཚོལ་ཞིབ་དང་སྐུལ་འདེད་བརྟན་པོ་གཏོང་བར་རྒྱབ་སྐྱོར་བྱེད་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་ཇུས་ཆོད་གལ་ཆེན་ཞིག་ཡིན། ད་ལོ་ནི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཀག་སྡོམ་ལྷོད་ནས་འཁོར་རྒྱུག་བྱེད་པའི་ལོ་ཡིན་པས། གྲ་སྒྲིག་བྱ་བ་སྣ་ཚོགས་ཞིབ་ཕྲའི་སྒོ་ནས་བསྒྲུབ་པ་དང་། བཀག་སྡོམ་ལྷོད་པའི་འཁོར་རྒྱུག་བརྟན་འཇགས་རིམ་ལྡན་ཡོང་བ་དང་འཐུས་ཤོར་མེད་པ། མགོ་རྩོམ་བྱ་བ་བདེ་བླག་ངང་འགྲུབ་པ་བཅས་ལ་ཁག་ཐེག་བྱེད་དགོས། ལས་ཡུལ་དང་པོའི་སྒོ་འབྱེད་པ་དང་ལས་ཡུལ་གཉིས་པ་དམ་འཛིན་གྱི་གནོན་ཤུགས་ཚད་ལེན་བྱེད་པ་དང་། མི་ཐབས་རིག་ནུས་དང་གཞི་གྲངས་ཆེན་མོ་སོགས་ཀྱི་ལག་རྩལ་བྱེད་ཐབས་བེད་སྤྱོད་ལེགས་པོ་བྱེད་ལ། རིག་ནུས་དོ་དམ་དང་ཡིད་རྟོན་དོ་དམ་ནུས་ལྡན་སྒོས་ལག་བསྟར་བྱས་ཏེ། ལྷོད་ཐུབ་ལ་དོ་དམ་བྱེད་ཐུབ་པར་བྱེད་དགོས་ཞེས་གསུངས།
ཟླ3པའི་ཚེས24ཉིན་ནས་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་། འདི་ནི་ཟླ3པའི་ཚེས24ཉིན། ཏེན་ཞུའེ་ཞང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ས་ཚིགས་གཅིག་ཅན་གྱི་གནམ་གྲུའི་ཐོན་ལས་ཞིག་གསོའི་རྟེན་གཞིར་གནམ་གྲུ་ཞིག་གསོའི་ཞབས་ཞུའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ཚུལ་རེད།
ཏེན་ཞུའེ་ཞང་ཧའེ་ཁུའུ་རྒྱལ་སྤྱིའི་ཁྲལ་བཅག་གྲོང་ཁྱེར་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ས་ཚིགས་གཅིག་ཅན་གྱི་གནམ་གྲུའི་ཐོན་ལས་ཞིག་གསོའི་རྟེན་གཞི་དང་། ཧའེ་ནན་ཁྲང་ཨན་རྒྱལ་སྤྱིའི་སྨན་བཟོའི་ཚད་ཡོད་ཀུང་ཟི་བཅས་སུ་ཕེབས་ནས། གྲུ་ཁར་འབྲལ་བའི་ཁྲལ་བཅག་དངོས་ཉོའི་སྲིད་ཇུས་ལག་བསྟར་དང་རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས་འཛུགས་སྐྲུན་བྱེད་པའི་བྱ་བར་རྟོག་ཞིབ་བྱས་པ་དང་། གནམ་གྲུ་ཞིག་གསོའི་ཞབས་ཞུ་དང་སྐྱེ་དངོས་སྨན་རྫས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས། ཏེན་ཞུའེ་ཞང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་བཀག་སྡོམ་ལྷོད་པའི་སྔ་རྗེས་ཀྱི་བཅོས་སྒྱུར་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་བར་འཆར་འགོད་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ། ཧའེ་ནན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་སྣ་ཚོགས་ཀྱི་ནུས་པ་མཉམ་དུ་འདོན་པར་སྐུལ་འདེད་བཏང་ནས། སྤུས་ལེགས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཅིག་སྡུད་བྱེད་པ་དང་། ཚོང་གཉེར་བྱེད་མཁན་གྱི་ནང་གནས་སྒུལ་ཤུགས་ལ་སྐུལ་སློང་བྱེད་དགོས་ཞེས་ནན་གྱིས་གསུངས།
ཏེན་ཞུའེ་ཞང་ཧའེ་ནན་ཚོང་ལས་མཁའ་བསྐྱོད་གཏོང་འཕེན་ར་བར་ཕེབས་ནས། གཏོང་འཕེན་ར་བའི་འཆར་འགོད་འཛུགས་སྐྲུན་དང་འཁོར་རྒྱུག་དོ་དམ་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་། ཁེ་ལས་དང་བཞུགས་མོལ་བྱས་ཏེ། བསམ་འཆར་གྲོས་གཞིར་ཉན། ཏེན་ཞུའེ་ཞང་གིས་ཚོང་ལས་མཁའ་བསྐྱོད་ཀྱི་འཕེལ་རྒྱས་མདུན་ལྗོངས་ཡངས་པས། རྒྱལ་ཁབ་འཕེལ་རྒྱས་ཀྱི་ལམ་ལུགས་གསར་བའི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ཇེ་མགྱོགས་སུ་བཏང་ནས། འདུས་གྲུབ་གསར་གཏོད་དང་ཚན་རྩལ་གྲུབ་འབྲས་ཚུར་སྒྱུར་བེད་སྤྱོད་ལ་ཤུགས་སྣོན་པ་དང་། ཚོང་ལས་མཁའ་བསྐྱོད་ཀྱི་ནུས་པ་ཇེ་ཆེ་དང་མ་རྩ་ཇེ་དམའ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། ལས་རིམ་ཧྲིལ་བོའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་པ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་ཚོང་ལས་མཁའ་བསྐྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཞེས་གསུངས།
ཟླ3པའི་ཚེས24ཉིན་ནས་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་། འདི་ནི་ཟླ3པའི་ཚེས25ཉིན། ཏེན་ཞུའེ་ཞང་གིས་ཝུན་ཁྲང་གྲོང་ཁྱེར་གྱི་ལེན་ཏུང་སློབ་འབྲིང་དུ་ཞིང་སྡེའི་རྨང་གཞིའི་སློབ་གསོར་རྟོག་ཞིབ་གནང་ནས། དགེ་སློབ་ཚོ་དང་མཉམ་འགུལ་བརྗེ་རེས་མཛད་པའི་ཚུལ་རེད།
ཏེན་ཞུའེ་ཞང་ཝུན་ཁྲང་གྲོང་ཁྱེར་གྱི་ལེན་ཏུང་སློབ་འབྲིང་དུ་ཕེབས་ནས། ཞིང་སྡེའི་རྨང་གཞིའི་སློབ་གསོར་རྟོག་ཞིབ་གནང་བ་དང་། དགེ་སློབ་ཚོ་དང་མཉམ་འགུལ་བརྗེ་རེས་མཛད། ཏེན་ཞུའེ་ཞང་གིས་འོས་འགན་སློབ་གསོ་སྤུས་ལེགས་སྒོས་འཕེལ་རྒྱས་དོ་མཉམ་ཡོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ཞིང་སྡེའི་དགེ་རྒན་རྣམས་ལ་སེམས་ཁུར་བྱེད་པ་དང་བརྩེ་སེམས་བཅངས་པ། སློབ་གྲྭའི་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང། སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱས་ཏེ། བྱིས་པ་ཚོས་སྤུས་ལེགས་སློབ་གསོ་མྱོང་ཐུབ་པ་དང་། ཁོ་ཚོ་བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་ངང་འཚར་ལོངས་འབྱུང་དུ་འཇུག་དགོས་ཞེས་ནན་གྱིས་གསུངས།
ལྷ་མོ་འཚོས་བསྒྱུར།