ཚེས25ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཨུ་རུ་སིའི་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་པཱ་པཱ་ཁི་ཧྥུའུ་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས25ཉིན་པེ་ཅིང་དུ་ཨུ་རུ་སིའི་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་པཱ་པཱ་ཁི་ཧྥུའུ་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་དེ་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་དང་ཁྱོན་ཡོངས་འཐབ་ཇུས་མཐུན་སྦྱོར། གཉིས་ཕན་མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་གཏུག་བགྲོད་ལམ་བརྒྱུད་ནས་མུ་མཐུད་དུ་མདུན་བསྐྱོད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་བདེན་ལུགས་མཐུན་གྱི་ཁ་ཕྱོགས་བརྒྱུད་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པ་དང་། འབྲེལ་གཏུག་བརྗེ་རེས་ལ་ཤུགས་སྣོན་པ། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།
པཱ་པཱ་ཁི་ཧྥུའུ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་སྣེ་ཁྲིད་འོག ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་བའི་ཁྱོན་ཡོངས་འཐབ་ཇུས་མཐུན་སྦྱོར་རོགས་རེས་འབྲེལ་བས་མུ་མཐུད་དུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཐད་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱས་རྗེས་འཇོག་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།