ཟླ3པའི་ཚེས25ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོས་ཀྲོའུ་དང་ཡུན་ནན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དེར་མིག་སྔའི་མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ནས། གཞི་གཅིག་ཏུ་སློབ་སྦྱོང་བྱས་ཏེ་གོ་བ་ལེན་པ་དང་། གཞི་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་གཡོ་འགུལ་མི་བྱེད་པར་དམིགས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ནུས་ལྡན་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པ་དང་། ཚོང་གཉེར་ཁོར་ཡུག་བསྒྱུར་བཅོས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་ཁེ་ལས་ལ་འབྲེལ་བའི་ཁྲིམས་བསྟར་ཆེད་དོན་འགུལ་སྐྱོད་ཚད་ལྡན་དུ་བཏང་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་འདྲེས་པར་བྱེད་དགོས། རྫོང་མཁར་དེ་བརྟེན་གཙོ་བོར་བྱས་པའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལས་རིགས་དར་རྒྱས་དང་རྫོང་མཁར་སྟོབས་ལྡན། མི་དམངས་ཕྱུག་འགྱུར་བཅས་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་ཧུར་ཐག་གིས་འདྲེས་པར་བྱེད་ལ། རང་འགུལ་གྱིས་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་སྦྲེལ་མཐུད་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་མཉམ་ལས་བར་སྟོང་མུ་མཐུད་དུ་རྒྱ་བསྐྱེད་དགོས། རིག་གནས་གཟུགས་འདས་ཤུལ་གཞག་སྲུང་སྐྱོབ་དང་རྒྱུད་འཛིན་ལ་ཤུགས་སྣོན་པ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དང་ལོ་རྒྱུས། དམར་པོའི་རིག་གནས། མི་རིགས་དང་མཐོ་སྒང་རིག་གནས་བཅས་རྒྱུད་འཛིན་དར་སྤེལ་བཏང་སྟེ། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མིག་སྔའི་གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་གཅོད་བྱས་པར་གོ་བ་ཟབ་མོ་ལེན་པ་དང་། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། ལས་འགན་གཙོ་བོ་བཅས་དམ་འཛིན་ནན་མོ་བྱས་ཏེ། བྱ་སྤྱོད་མྱུར་བའི་ལག་བསྟར་མཁན་དང་། འགག་སྒྲོལ་དཀའ་སེལ་གྱི་འགུལ་སྐྱོད་པ། བྱ་བ་བསྒྲུབ་པར་མཁས་པའི་དངོས་སྒྲུབ་མཁན་བཅས་བྱེད་དགོས། འཛད་སྤྱོད་དར་སྤེལ་གཏོང་བའི་ཆེད་དོན་འགུལ་སྐྱོད་སོགས་ཀྱི་བྱ་བ་གཙོ་བོ་ལག་ལེན་ཏུ་བསྟར་པར་དམིགས་པ་དང་། མཚོ་སྔོན་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏིང་ཟབ་གཏོང་བ། ཁུངས་སྣེ་དང་ཤུགས་འདོན་ས་ཡང་དག་པར་འཚོལ་བ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་དང་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དང་། ཚོང་འགུག་དངུལ་འདྲེན་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་འབད་པ་དང་། དུས་ཚིགས་དང་པོའི་མགོ་ཡག་པོར་ཚུགས་པར་ཁག་ཐེག་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་ལེགས་པོར་བསྡུ་བ་བདེ་བླག་ངང་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།
གྲོས་ཚོགས་ལས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བསྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ལངས་ཏེ། སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ཤེས་པ་དང་། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་བྱེད་ལ། ནང་དོན་ངོ་མ་དང་རྩ་བའི་རིགས་པ་དམ་འཛིན་ཡང་དག་བྱེད་པ། ཕྱོགས་ཡོངས་ནས་དོན་གྱི་སྙིང་བོར་གོ་བ་ལེན་པ། མངོན་གསལ་སྒོས་གནད་དོན་ཞིབ་བཤེར་དང་བཅོས་སྒྱུར་ཟབ་མོ་བྱེད་པ། རང་རྟོགས་སྒོས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། སློབ་སྦྱོང་ལ་སྤུས་ཀ་ཡོད་པ་དང་ཞིབ་བཤེར་ལ་ཤུགས་ཚད་ཡོད་པ། ལེགས་བཅོས་ལ་གྲུབ་འབྲས་ཡོད་པ་བཅས་ལ་ཁག་ཐེག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད། དངོས་སྒྲུབ་སྔོན་བརྩོན་བཅས་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
ལྷ་མོ་འཚོས་བསྒྱུར།