ཧན་ཀྲིན་གྱིས་དབྱི་ཐཱ་ལིའི་གྲོས་ཞུགས་གོང་མའི་གྲོས་དཔོན་ལཱ་ལུའུ་སཱ་དང་ཐུག་འཕྲད་བྱས།
2025.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས25ཉིན་པེ་ཅིང་དུ་དབྱི་ཐཱ་ལིའི་གྲོས་ཞུགས་གོང་མའི་གྲོས་དཔོན་ལཱ་ལུའུ་སཱ་དང་ཐུག་འཕྲད་བྱས།

ཟླ3པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་དབྱི་ཐཱ་ལིའི་གྲོས་ཞུགས་གོང་མའི་གྲོས་དཔོན་ལཱ་ལུའུ་སཱ་དང་ཐུག་འཕྲད་བྱས།

ཧན་ཀྲིན་གྱིས་བསྟན་དོན། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལིའི་མགོ་ཁྲིད་དང་མཉམ་དུ་གྲོས་མོལ་ལེགས་འགྲུབ་བྱུང་བར་མ་ཟད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་སྟེ། ཀྲུང་གོ་དང་དབྱི་ཐཱ་ལིའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་བྱས། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ང་ལྔ་འཁོར་བའི་ལོ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་དབྱི་ཐཱ་ལིའི་ཕྱོགས་དང་མཉམ་དུ། འཐབ་ཇུས་དང་ཡུན་རིང་ལ་དམིགས་པ་དང་། སྔར་ལས་འཐུས་ཚང་བརྟན་བརླིང་དང་སྒོ་འབྱེད་གཉིས་ཕན་གྱི་ཀྲུང་གོ་དང་དབྱི་ཐཱ་ལིའི་འབྲེལ་བ་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད། ཀྲུང་གོ་དང་དབྱི་ཐཱ་ལིའི་མཉམ་ལས་ལ་ཁ་གསབ་རང་བཞིན་དང་གཉིས་ཕན་རང་བཞིན་ཧ་ཅང་ཆེ་བས། ཕྱོགས་ཡོངས་མཉམ་ལས་དང་མཐུན་པའི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཀྱི་དགོས་མཁོར་ཤུགས་སྣོན་དགོས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ལ་སྒུལ་ཤུགས་དང་བརྟན་འཇགས་རང་བཞིན་ཁ་སྣོན་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་དབྱི་ཐཱ་ལིའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཡུལ་སྐོར། རིག་གནས། སློབ་གསོ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། དངོས་ཡོད་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལཱ་ལུའུ་སཱ་ཡིས་བསྟན་དོན། ཐེངས་འདིར་འཚམས་འདྲི་བྱས་པ་བརྒྱུད། ཀྲུང་གོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གྲུབ་འབྲས་ཚོར་བྱུང་། དབྱི་ཐཱ་ལིའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་དུས་དང་རྣམ་པ་ཀུན་ཏུ་མཛའ་མཐུན་མཉམ་ལས་ལ་ཤུགས་བསྣན་ནས། དབྱི་ཐཱ་ལི་དང་ཀྲུང་གོའི་གནའ་བོའི་དཔལ་ཡོན་གྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཅེས་ཟེར།

ལྷ་མོ་འཚོས་བསྒྱུར།