ཟླ4ཚེས2ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་སྲུང་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཟི་ལིང་དུ་གྲོས་ཚོགས་བསྡུས་ཏེ། 2024ལོའི་བྱ་བར་མ་ལག་ལྡན་པའི་སྤྱི་བསྡོམས་བྱས་པ་དང་། མིག་སྔར་གྱི་བདེ་འཇགས་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། 2025ལོར་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ན་ནིང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱས་ཚུལ་དང་རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་སྲུང་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་དང་། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ནན་ཏན་གྱིས་ལག་ལེན་དུ་བསྟར་ཏེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་གཞི་རྩར་འཛིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ་སྒུལ་ཤུགས་སུ་བརྩི་བ། མངོན་མེད་ཉེན་ཁ་སྔོན་འགོག་དང་མེད་པར་གཏོང་བ་གཙོ་གནད་དུ་འཛིན་པ། རྐྱེན་སྲོལ་ལུགས་མཐུན་དང་སྟོབས་ཤུགས་སྡེབ་སྒྲིག རྨང་གཞི་བརྟན་གཏོང་དང་འགན་སྲུང་ཤུགས་དྲག་ཏུ་གཏོང་དགོས་ཤིང་། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་བྱེད་ནུས་དང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འབད་པས་འཛུགས་སྐྲུན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འབད་པ་ཆེན་པོས་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་མི་དམངས་ནི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཙོ་སྐྱོང་མཁན་དང་ཁེ་ཕན་ཐོབ་མཁན་ཡིན་པས། དུས་རབས་གསར་བའི་ཧྥིན་ཆོ་ཉམས་མྱོང་གི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གཞི་རིམ་བཅོས་སྐྱོང་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། དྲ་ལམ་དང་ཡུལ་དངོས་ཀྱི་མང་ཚོགས་བྱ་བའི་འབྲེལ་མཐུད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱས་ནས། གནད་དོན་གཞི་རིམ་ནས་ཐག་གཅོད་པ་དང་འབྱུང་རྩ་ནས་མེད་པར་གཏོང་དགོས། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་སྤྱིའི་འགོག་སྡོམ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། མ་ལག་ལྡན་པའི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩའི་འགོག་སྡོམ་ཚན་པ་འཛུགས་སྐྲུན་བྱེད་པ་ཕྱོགས་ཡོངས་དམ་ཚགས་ཀྱིས་ལེགས་པོར་སྒྲུབ་དགོས་ལ། ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་གཏོང་བའི་ནུས་ཚད་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་བྱ་བའི་སྤྱིའི་འགོག་སྡོམ་ནུས་པ་ཤུགས་དྲག་ཏུ་གཏོང་དགོས་ཤིང་། ཟས་རིགས་དང་སྨན་རྫས་སོགས་དང་། མགོ་སྐོར་གཡོ་ལེན་སོགས་མང་ཚོགས་ཀྱིས་ཚུར་སྣང་ཆེན་པོ་བྱེད་པའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་ནན་མོ་བཏང་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དངོས་སུ་ཇེ་མཐོར་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཕན་ཚུན་འཁོར་སྐྱོར་བཟང་བོ་ཐུབ་པར་སྐུལ་འདེད་བཏང་སྟེ། དུས་ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། གནོད་འགོག་གནོད་སེལ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་གིས་བསྐྲུན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་སྐུལ་སློང་བྱས་ཏེ། བདེ་འཇགས་ཀྱི་རྣམ་པ་གསར་བར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཆུ་ཚད་མཐོ་བའི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་དང་ཁ་འབྲལ་ཐབས་མེད་པས། ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ནི་གནས་ལུགས་མཐའ་འཁྱོལ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། བརྟན་འཇགས་འཕར་སྣོན་དང་ཉེན་ཁ་འགོག་སྲུང་གི་འབྲེལ་བ་གཅིག་འདོམས་ཡག་པོ་བྱེད་དགོས་ལ། ཉེན་ཁ་རིགས་སྣ་ཚོགས་སེལ་བ་དང་སྔོན་འགོག་བྱེད་རྒྱུ་འབུར་ཐོན་གྱི་གོ་གནས་སྟེང་འཇོག་པ། ཉེན་ཁ་གསོག་གྲངས་ཐག་གཅོད་འོས་འཚམ་བྱེད་པ། ཉེན་ཁ་འཕར་སྣོན་འབྱུང་ཚད་ནུས་ཤུགས་ཡོད་དགུས་ཇེ་དམའ་རུ་གཏོང་བ། ཉེན་ཁ་ཚབས་ཆེན་དུ་འགྱུར་བར་འགོག་སྡོམ་ནན་མོ་བྱེད་པ། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་ཤིང་། དོན་དག་གང་ཡིན་རུང་གདེང་ཚོད་ཡོད་པའི་འགུལ་སྐྱོད་ཀྱི་སྟོབས་ཤུགས་ལ་བརྟེན་པ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དང་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བས་སྔར་ལས་མང་བའི་གྲུབ་འབྲས་གསར་བ་ལོན་ཆེད་སྐུལ་འདེད་ནན་མོ་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས2024ལོའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལས་དོན་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་མི་དམངས་འགོག་སྲུང་འཛུགས་སྐྲུན་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། གྲོང་ཁྱེར་དང་ཁུལ། ཁོངས་གཏོགས་ལས་ཁུངས་སོ་སོས2024ལོར་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱས་ཚུལ་ཐད་ནས་ཡིག་ཐོག་གི་སྙན་ཞུ་ཕུལ།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཧི་ལུའུ་ཁྲུན། ཉི་མ་སྒྲོལ་མ། ལོའུ་ཀང་། ལིས་ཧུང་ཡ། ཐེན་ཁོས། ཀྲང་ཙི་ཅུན། ཀྲ་ཆིན་ཅིག་དང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་མགོ་ཁྲིད་སུང་པའོ་ཧའེ་བཅས་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།