ཟླ4པའི་ཚེས2ཉིན།ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ན། མིག་སྔའི་བཅོས་སྐྱོང་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་། ཆུ་བོ་དང་མཚེའུ་དོ་དམ་དེ་སྦགས་བཙོག་བཅོས་སྐྱོང་ནས་དམངས་ཕན་དང་ཆུ་བཅོས་སྐྱོང་ནས་ཆུ་དར་སྤེལ་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཆུ་བོ་དང་མཚེའུ་ཡི་བར་སྟོང་རྒྱ་བསྐྱེད་པ་དང་སྒོ་འབྱེད་པ། ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བོ་མངོན་འགྱུར་བྱེད་པར་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་བྱེད་པ། མང་ཚོགས་སྔར་ལས་མང་བོར་བདེ་སྐྱིད་བསྐྲུན་པ་དང་ཕན་འདོགས་པ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ཐད་ཀྱི་དགོས་མཁོ་རྒྱུན་མ་ཆད་པར་སྐོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་བྱེད་རྒྱུ་དེ་མཚོ་སྔོན་ལ་མཚོན་ན་དོན་སྙིང་དམིགས་བསལ་ལྡན་པ་དང་འགན་འཁྲི་ཧ་ཅང་ལྕི། མ་ལག་ཇུས་འགོད་བྱེད་པར་སྔར་ལས་དོ་སྣང་བྱེད་པ་དང་།་ཡུལ་བབ་དང་བསྟུན་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་ནས། གཅིག་གྱུར་འཆར་འགོད་དང་གཅིག་གྱུར་ལག་བསྟར། གཞི་གཅིག་མཉམ་འགུལ་དང་མཉམ་སྒྲུབ་མཉམ་སྐྱོང་མངོན་འགྱུར་བྱེད་དགོས། ཆུ་བོ་དང་མཚེའུ་ཡི་སྤུས་ཚད་ལ་སྔར་ལས་དོ་སྣང་བྱེད་པ་དང་། ཁུལ་བགོས་བཀག་སྡོམ་ལག་བསྟར་བྱེད་པ། སྐྱེ་ཁམས་ཕྲེང་འབྲེལ་ཁ་གསབ་བྱེད་པར་ཤུགས་འདོན་པ། ཆུའི་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་བསྒྱུར་བྱས་ཏེ། གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཆུ་སྤྱོད་ཕན་ནུས་ལ་སྔར་ལས་དོ་སྣང་བྱེད་པ་དང་། ཆུ་བཞི་དང་གཏན་འཁེལ་བཞི་ཡི་འགྱུར་མེད་གཅུན་སྡོམ་ཇེ་དྲག་ཏུ་གཏོང་བ། རང་ཞིང་གི་འཕྲེད་ལྔ་གཞུང་ལྔའི་ཆུ་དྲའི་རྣམ་པ་འཐུས་ཚང་དུ་བཏང་ནས། ཆུའི་ཐོན་ཁུངས་ཡུན་རིང་བརྟན་འཇགས་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བཞུར་རྒྱུད་འཕེལ་རྒྱས་སུ་གཏོང་བར་སྔར་ལས་དོ་སྣང་བྱེད་པ་དང་། སྣ་མང་མཉམ་བསྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ། ཞིང་འབྲེལ་ཞིང་ཁྲིད་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། རང་སོ་སོའི་ཁྱད་ཆོས་ལྡན་པའི་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་བསྐྲུན་དགོས། མང་ཚོགས་ཀྱི་མྱོང་ཚོར་ལ་སྔར་ལས་དོ་སྣང་བྱེད་པ་དང་། ཆུ་འགྲམ་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། རིག་གནས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། མཉམ་སྐྲུན་མཉམ་བཅོས་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་ཚོར་མཐོར་འདེགས་གཏོང་དགོས། བདེ་འཇགས་འགན་སྲུང་ལ་སྔར་ལས་དོ་སྣང་བྱེད་པ་དང་། ཚད་མཐའི་བསམ་བློ་དང་མཐར་ཐུག་གི་བསམ་བློ་ཇེ་བརྟན་དུ་བཏང་སྟེ། ཉེན་ཁ་སྔོན་དཔག་དང་ཐག་གཅོད་ནུས་པ་ཇེ་ཆེར་གཏོང་དགོས། ཚན་རྩལ་ནུས་འདོན་ལ་སྔར་ལས་དོ་སྣང་བྱེད་པ་དང་། ཆུ་བོ་དང་མཚེའུ་སྲུང་སྐྱོབ་བཅོས་སྐྱོང་དང་གཞི་གྲངས་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱས་ནས། གཞི་གྲངས་ཀྱི་མཚེ་སྐྱེས་ཆུ་བེད་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། དོ་སྲུང་བའི་དཔུང་སྡེ་སྟོབས་དང་ལྡན་པར་འཛུགས་སྐྲུན་བྱེད་པ། བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་བྱེད་རྒྱུ་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པའི་ལག་ལེན་དངོས་སུ་བརྩིས་ཏེ། འཛུགས་སྐྲུན་གྱི་གྲུབ་འབྲས་དེ་མིག་མཐོང་ལག་ཟིན་དང་ཤེས་ཚོར་བྱེད་ཐུབ་པའི་དམངས་ཚིས་བདེ་སྐྱིད་དུ་འགྱུར་བར་བྱེད་དགོས།
ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ནམ་ཡང་ཡིད་ལ་བརྟན་པོར་འཛིན་པ། ཆུ་བོ་དང་མཚེའུ་ལམ་ལུགས་ཀྱིས་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གནད་འགག་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཁྲེགས་པོའི་དངུལ་གཏོང་དང་མཉེན་པོའི་འཛུགས་སྐྲུན་དམ་འཛིན་བྱེད་པ། སྟོད་སྨད་རྒྱུད་དང་གཡས་གཡོན་འགྲམ་གྱི་གཞུང་རྒྱུན་དང་ཆུ་ལག་གཅིག་འབྲེལ་གྱི་ཆུ་བོ་དང་མཚེའུ་ཡི་སྲུང་སྐྱོབ་བཅོས་སྐྱོང་མ་ལག་འཛུགས་པ། ཆུའི་གནོད་འཚེ་དང་ཆུའི་ཐོན་ཁུངས། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག ཆུའི་རིག་གནས། མཚོ་རྒྱུད་སྲུང་སྐྱོང་བཅས་ལ་གཅིག་འདོམས་བྱེད་པ། བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་བྱེད་རྒྱུ་དེ་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དང་། མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བར་ཟུང་འབྲེལ་དམ་པོ་བྱེད་པར་སྐུལ་འདེད་བཏང་ནས། རྒྱུ་སྤུས་མཐོ་བའི་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་བྱེད་དགོས།
ཚོགས་ཐོག་ཏུ། བདེ་སྐྱིད་ཆུ་མཚོས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཞེས་པའི་ཆེད་སྒྲིག་གློག་བརྙན་ལ་བལྟས་པ་དང་། ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ཆུ་བོ་དང་མཚེའུ་ཡི་དོ་དམ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་བྱ་བའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས། གྲོང་ཁྱེར་དང་ཁུལ་སོ་སོས་ཡུལ་དངོས་དང་ཡིག་ཐོག་ནས་ལས་སྒྲུབ་གནས་ཚུལ་ཡར་ཞུ་བྱས།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ལོའུ་ཀང་། ལིའུ་ཐའོ། ཝང་ཧའེ་ཧུང་བཅས་ཚོགས་འདུར་ཞུགས།
རིན་ཆེན་མཚོས་བསྒྱུར།