ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།
2025.04.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4བའི་ཚེས2ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། 2024ལོར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གནས་ཚུལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ལ། 2025ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་པར་མ་ཟད། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་གཏིང་ཟབ་ཏུ་སྤེལ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་རྩོམ་དགོས་ཞེས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་བསྟན་དོན། ད་ལོ་ནི་སྐྱེ་ཁམས་དཔལ་ཡོན་རྐྱེན་སྲོལ་བཅོས་སྒྱུར་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབས་གཏིང་ཟབ་བྱེད་པ་དང་། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་གནད་འགག་གི་ལོ་ཞིག་ཡིན་པས། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་རྒྱབ་སྐྱོར་མ་ལག་གི་སྤྱིའི་འཆར་གཞི་སྒྲིག་བཟོ་དམ་འཛིན་བྱས་ནས། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་འཐའ་གཅིག་ཏུ་ཡག་པོར་བརྒྱབ་སྟེ། ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་བ། ས་གཞི་དག་གཙང་བཅས་ཀྱི་འགོག་སྲུང་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྲ་གཟུགས་སྙིགས་རོ་དང་འབག་བཙོག་དངོས་བོ་གསར་བ་བཅོས་སྐྱོང་བྱེད་པའི་ལས་དོན་གསར་སྤེལ་སྒོས་སྤེལ་ནས་སྙིགས་རོ་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་རྒྱུན་མཐུད་ངང་སྤེལ་ཏེ། གཞི་རྒྱ་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་འགུལ་སྐྱོད་དང་ས་ནག་རང་བཞིན་གྱི་རྩྭ་ས་ཞན་འགྱུར་བཅོས་སྐྱོང་བྱེད་པར་ཚན་རིག་དང་མཐུན་པའི་སྐུལ་འདེད་གཏོང་བ་དང་། ཕྱུགས་འཚོ་སྐྱོང་བཀག་སྡོམ་དང་རྩྭ་ཕྱུགས་དོ་སྙོམ་བྱ་བའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་དགོས། ནུས་ཁུངས་ཟད་གྲོན་ཉུང་གཏོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཆེན་པོ་བཅུ་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་ལྗང་མདོག་ཚུལ་སྒྱུར་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས། ནུས་ཁུངས་ཟད་གྲོན་གྱི་ཕྱོགས་གཉིས་ཚོད་འཛིན་དེ་ཐཱན་ཕྱིར་གཏོང་གི་ཕྱོགས་གཉིས་ཚོད་འཛིན་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་། རྨ་ཆུའི་ཉེན་བརྡའི་བརྙན་ཐུང་སོགས་ལས་མངོན་པའི་གནད་དོན་དག་ཐེར་བྱ་བ་དམ་འཛིན་གང་ལེགས་བྱས་ཏེ། ལྟ་སྐུལ་ཁྲིམས་བསྟར་ལ་ཤུགས་བསྣན་ནས། དུས་ལྟར་སྒྲུབ་པ་དང་། སྤུས་ཚད་དང་གྲངས་ཚད་འགན་སྲུང་བྱས་པའི་སྟེང་དག་ཐེར་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བར་སྤུས་ཚད་མཐོན་པོས་སྐུལ་འདེད་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་དང་། རང་བྱུང་སྲུང་སྐྱོབ་ས་ཆ་སྡེབ་སྒྲིག་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་ཞིང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ནུས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཆར་གཞི་ཇུས་འགོད་ཧུར་ཐག་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས།

གྲོས་ཚོགས་ལས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ད་ལྟ་སྤེལ་བཞིན་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ཏེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ལ་འགན་འཁྲི་ནན་དཀྲི་བྱེད་པ་དང་། བྱ་བའི་བྱེད་ཕྱོགས་མུ་མཐུད་དུ་ལེགས་སྒྱུར་བྱེད་དགོས། མགོ་ཁུངས་འགོག་སྲུང་དང་དོ་དམ་ཚོད་འཛིན་གནད་དུ་འཁེལ་བ། ཚོང་རར་སྐུལ་ཁྲིད་བྱེད་པ། ཚན་རྩལ་སྩོལ་ནུས་བཅས་མཐུན་སྦྱོར་མཉམ་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། དཀའ་གནད་མཁྲེགས་གཏོར་བྱེད་པར་ནུས་ཤུགས་གཅིག་ཏུ་བསྡུས་ཏེ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་མི་འདང་ས་དང་ཉམས་ཞན་ས་ཁ་གསབ་བྱེད་དགོས། ཁྲིམས་སྐྱོང་འགན་སྲུང་ཤུགས་དྲག་ཏུ་བཏང་སྟེ། ཁྲིམས་སྐྱོང་གི་སྣེ་ཁྲིད་དང་། ཚད་ལྡན་དང་འགན་སྲུང་བཅས་ཀྱི་བྱེད་ནུས་དངོས་སུ་འདོན་སྤེལ་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་གཞི་རྩ་ཇེ་བརྟན་དུ་གཏོང་དགོས་ཞེས་བླང་བྱ་བཏོན།

ཚོགས་ཐོག་ཏུ། 2024ལོར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་བྱས་ཚུལ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་ཐེངས་གསུམ་པའི་དག་ཐེར་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་དུ་བསྐྲུན་པའི2025ལོའི་བྱ་བའི་རྩ་གནད་དང་། མཚོ་སྔོན་ཞིང་ཆེན་གྱིས2025ལོ་ནས2027ལོའི་བར་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་མྱུར་དུ་འཐུས་ཚང་དུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་ཇུས་གཞིར་ཞིབ་འཇུག་དང་གྲོས་ཞིབ་བྱས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་། ཞིང་ཆེན་ཆུ་བེད་ཐིན། མཚོ་ནུབ་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་བརྗེ་རེས་གཏམ་བཤད་བྱས།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲང་ཅིན་ཀང་། ལོའུ་ཀང་། ལིའུ་ཐའོ། ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།