ཟླ4ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཧྥིན་ལན་གྱི་གྲོས་དཔོན་ཧཱ་ལ·ཨ་ཧའོ་དང་གྲོས་མོལ་གནང་།
ཟླ4ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཧྥིན་ལན་གྱི་གྲོས་དཔོན་ཧཱ་ལ·ཨ་ཧའོ་དང་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཧྥིན་ལན་ནི་ཀྲུང་གོ་ཁས་ལེན་པ་དང་ཀྲུང་གོ་གསར་པར་འབྲེལ་བ་བཙུགས་པའི་ནུབ་ཕྱོགས་རྒྱལ་ཁབ་ཆེས་སྔ་བའི་གྲས་ཀྱི་གཅིག་ཡིན། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཙུང་ཐུང་སི་ཐུའུ་པུའུ་དང་གྲོས་མོལ་གནང་བ་དང་། ངོས་འཛིན་གཅིག་མཐུན་བྱུང་ནས་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བར་སྔར་ལས་མཛེས་སྡུག་ལྡན་པའི་མདུན་ལམ་མཉམ་དུ་བསྐྲུན། ད་ལོ་ནི་ཀྲུང་གོ་དང་ཧྥིན་ལན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་མོས་མཐུན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཧྥིན་ལན་གྱི་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་གྲོགས་པོའི་འབྲེལ་བ་གསར་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་ནི་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་ངང་ཕན་ཚུན་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱ་རྒྱུ་དེ་རེད། ཕྱོགས་གཉིས་ཀྱིས་འབྲེལ་བ་འཛུགས་པའི་ཐོག་མའི་སེམས་འདུན་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་དགོས། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བརསྲུང་སྐྱོང་བྱེད་པའི་ཁྲིམས་མཐུན་ཁེ་དབང་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཀྲུང་གོས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བཞིན་ཡོད་པ་དེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གོ་སྐབས་གསར་པ་སྩོལ་ངེས་ཡིན་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་རྒྱ་ཆེར་གཏོང་བ་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་བར་གྱི་སྲིད་ཏང་དང་མི་གཞུང་། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་བར་གྱི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཧྥིན་ལན་ཕྱོགས་ཀྱིས་མུ་མཐུད་དུ་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས། ཀྲུང་གོ་དང་ཧྥིན་ལན། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧྥིན་ལན་གྲོས་ཁང་བར་གྱི་སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་མཐུད་བྱས་ནས། ཁྲིམས་འཛུགས་ལས་ཁུངས་ཀྱི་མཐོ་རིམ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། ཕྱོགས་གཉིས་ཀྱི་མཛའ་མཐུན་ཚན་ཆུང་། དམངས་ཆེན་གྱི་འཐུས་མི། གྲོས་མི་བཅས་བར་བརྗེ་རེས་དང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། ཀྲུང་གོ་དང་ཧྥིན་ལན་གྱིས་རྒྱལ་ཁབ་ཀྱི་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་འདུ་ཤེས། གསར་གཏོད་མ་ལག་སོགས་ཀྱི་ཐད་རང་སོ་སོར་ཁྱད་ཆོས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་དེའི་ཐད་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱས་ནས། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བརྟན་བརླིང་གི་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་པོ་མཉམ་དུ་བསྐྲུན་དགོས། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་བོ་ནས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དགོས།
ཀྲའོ་ལི་ཅི་ཡིས་ཀྲུང་གོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧྥིན་ལན་གྲོས་ཁང་དང་མཉམ་དུ་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། ཁྲིམས་སྐྱོང་ཆ་ཚང་དུ་གཏོང་བ་སོགས་ཐད་ཀྱི་བརྗེ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད།
ཧཱ་ལ·ཨ་ཧའོ་ཡིས་བསྟན་དོན། ཀྲུང་གོ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པས། ཚན་རྩལ་དང་གསར་གཏོད་སོགས་མངའ་ཁོངས་འཕེལ་རྒྱས་ཀྱི་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད། ཧྥིན་ལན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་མ་ཟད་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་པས། ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རང་མོས་ཉོ་ཚོང་སྲུང་སྐྱོང་བྱེད་པ། ཐུན་མོང་ལ་འཕྲད་པའི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས། ཧྥིན་ལན་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་ནས། ཧྥིན་ལན་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།
ཤ་བོ་རིན་མཚོས་བསྒྱུར།