ཟླ4པའི་ཚེས7ཉིན། རྒྱལ་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་ཐན་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལིས་ཆང་གི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ།“རྒྱུན་འཁྱོངས་གཉིས་དང་འགྱུར་བ་གསུམ”གྱི་གནོད་འགོག་གནོད་སེལ་འདུ་ཤེས་བརྟན་པོ་བཙུགས་ནས། ཉེན་ཁའི་འདུ་ཤེས་དང་མ་མཐའི་ཚད་གཞི་ཡི་བསམ་གཞིགས་ལ་སྔར་ལས་ཤུགས་བསྣན་ཏེ། སྔ་མོ་ནས་གྲ་སྒྲིག་གང་ལེགས་བྱེད་པ་དང་ཁ་གཏད་ནུས་ལྡན་འཇལ་ནས། ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེའི་ཉེན་ཁ་ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་ཁྱོན་ཡོངས་བརྟན་བརླིང་ལ་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས།
ཀྲང་གོ་ཆིང་གིས་ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེའི་གནས་བབ་ཀྱི་རྒྱུན་ལྡན་མིན་པའི་རང་བཞིན་དང་ཚབས་ཆེ་བའི་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ཏེ། བསམ་ཡུལ་ལས་འདས་པའི་ཉེན་ཁ་དང་རྩད་གཅོད་བྱེད་མ་ཐུབ་པའི་མངོན་མེད་ཉེན་ཁ། ཞིབ་བཤེར་བྱེད་ཡུལ་ལས་འདས་པ་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ནས། ཆུ་ལོག་སྔོན་འགོག་དང་ཆུ་ལོག་འགོག་པའི་གྲ་སྒྲིག་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ལས་རིགས་སྡེ་ཁག་གིས་གཙོ་ཁྲིད་བྱེད་ཀྱིན་པའི་ཆེད་ལས་ཀྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ལས་ལག་རྩལ་སྟོབས་ཤུགས་འཐབ་ཕྱོགས་སུ་ཟབ་སྤེལ་གཏོང་བར་སྐུལ་འདེད་བཏང་སྟེ། ཉེན་ཁ་དང་མངོན་མེད་ཉེན་ཁ་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྐྱོང་བྱེད་དགོས། གནོད་འཚེ་འཕྲད་སྐབས་ཁ་གཏད་འཇལ་བ་དང་ལྷག་པར་དུ་མི་སྣ་དུས་ཐོག་ཏུ་གནས་སྤོར་བྱས་ནས་ཉེན་ཁར་གཡོལ་ཐབས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་སྔོན་བརྡའི་ཉེན་གཏོང་གནད་ལ་འཁེལ་ཚད་མཐོ་རུ་གཏོང་བ། མཚམས་འཇོག་དོ་དམ་ཚོད་འཛིན་གྱི་མཁྲེགས་གཤིས་བྱེད་ཐབས་བློ་བརྟན་འགྱུར་མེད་ངང་སྤྱད་དེ་འབད་བརྩོན་གང་ཐུབ་བྱས་ནས་མི་སྣ་ཤི་རྨས་མི་ཡོང་བར་བྱེད་དགོས། འཕྲལ་བསྟུན་ཉེན་སྐྱོབ་ནུས་པ་ཆེ་རུ་གཏོང་བ་དང་། ལམ་ཆད་པ་དང་དྲ་ཆད་པ། གློག་ཆད་པ་སོགས་ཐལ་དྲགས་པའི་གནས་ཚུལ་ལ་ཁ་གཏད་འཇལ་རྒྱུའི་གྲ་སྒྲིག་གང་ལེགས་བྱས་ཏེ། དྲིལ་སྒྲོག་སློབ་གསོ་དང་འཕྲལ་བསྟུན་སྦྱོང་བརྡར་ལ་ཤུགས་བསྣན་ནས། ཆུ་ལོག་དང་ཐན་པ་འགོག་པའི་གཞི་རིམ་གྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲང་གོ་ཆིང་གིས་ཏང་སྲིད་ལ་མཉམ་དུ་དོ་དམ་བྱེད་པ་དང་རིམ་པ་བཞིན་འགན་སྲུང་འགན་འཁྲིའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ།“འགོག་པ”དང“ཉུང་གཏོང་།”“སྐྱོབ་པ”བཅས་ཀྱི་འགན་འཁྲིའི་འབྲེལ་ཐག་ཇེ་དམ་དུ་གཏོང་དགོས། འབབ་རྒྱུད་རང་བཞིན་གྱི་ཆུ་ལོག་ནན་མོར་འགོག་པ་དང་། ཆུ་ལོག་གི་གནོད་འཚེ་དང་། ཆུ་མཛོད་ཆུང་འབྲིང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་སྐྱོན་སོགས་ལས་རིམ་ཞན་སར་དོ་སྣང་ནན་མོ་བྱས་ཏེ། ཆུ་ལོག་འགོག་པའི་བཟོ་བཀོད་མ་ལག་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་བྱེད་པ་དང་། འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ། སྐོར་ཞིབ་འཕྲལ་སྲུང་བྱེད་ཐབས་དོན་འཁྱོལ་ནན་མོ་བཅས་བྱེད་དགོས། རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ལ་ཁ་གཏད་ནུས་ལྡན་འཇལ་ནས། ཐན་འགོག་ལས་དོན་གཅིག་གྱུར་སྒོས་དམ་འཛིན་ཡག་པོ་བྱས་ཏེ། གནོད་འཚེའི་གྱོང་གུད་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་ནན་བཤད་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།