རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས7ཉིན་པེ་ཅིང་དུ་ཧྥིན་ལན་གྱི་གྲོས་དཔོན་ཧཱ་ལ· ཨ་ཧའོ་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཧྥིན་ལན་བར་འབྲེལ་བ་བཙུགས་ནས་ལོ75རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཡོད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཙུང་ཐུང་སི་ཐུའུ་པུའུ་དང་གྲོས་མོལ་མཛད་ནས་རོགས་རེས་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་བཀོད་པའི་འཆར་གཞི་གཞིར་བཟུང་ནས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་རྒྱ་སྐྱེད་གཏོང་བ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་ཧྥིན་ལན་གྱི་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་རོགས་རེས་འབྲེལ་བ་གསར་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་བྱས་རྗེས་འཇོག་འདོད་ཡོད།
ཧཱ་ལ· ཨ་ཧའོ་ཡིས་བསྟན་དོན། ཀྲུང་གོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དེང་སྐབས་འཛམ་གླིང་སྟེང་ཆེས་གསོན་ཤུགས་ལྡན་པའི་དཔལ་འབྱོར་དངོས་ཕུང་གཙོ་བོའི་གྲས་ཡིན། ད་ལོ་ནི་ཧྥིན་ལན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན། ཧྥིན་ལན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ། མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཧྥིན་ལན་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ལ། ཧྥིན་ལན་གྲོས་ཁང་གིས་དེའི་ཐད་འབད་བརྩོན་བྱེད་འདོད་ཡོད་ཟེར།
ཝང་ཏུང་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།