ཟླ4པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་དང་། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཧྲི་ཅན་ཕིང་གིས་ཐེན་ཅིན་སློབ་ཆེན་གྱི་སློབ་གཙོ། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཁྲའེ་ལིས་ཡོན་སོགས་ལ་ཐུག་འཕྲད་བྱས། ཐེན་ཅིན་སློབ་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་སློབ་གཙོ་གཞོན་པ་ཧུའུ་ཝུན་ཕིངདང་་། ཟི་ལིང་གྲོང་ཁྱེར་གྱི་མགོ་ཁྲིད་ནན་ཧའེ་ཡན་དང་ཀྲུང་ཅུན་ལུའུ། ལིའུ་ཆང་ཧྥིན་བཅས་ཐུག་འཕྲད་ལ་ཞུགས།
ཝང་ཝེ་ཏུང་དང་ཧྲི་ཅན་ཕིང་གིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་ཁྲའེ་ལིས་ཡོན་སོགས་ཟི་ལིང་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཐེན་ཅིན་སློབ་ཆེན་གྱིས་དུས་ཡུན་རིང་བོར་ཟི་ལིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་དོ་སྣང་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མིག་སྔར། ཟི་ལིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་བཞིན་པའི་སྒང་ཡིན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཟི་ལིང་གི་བྱ་བའི་ཐད་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞིའི་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གཙོ་འགན་ཁུར་བ་དང་ལེགས་བརྩོན་བྱེད་ཕོད་པར་བྱེད་དགོས། ཐེན་ཅིན་སློབ་ཆེན་གྱི་སློབ་ཚན་ཐད་ནས་ཁྱད་ཆོས་མངོན་གསལ་ལྡན་པ་དང་ཆེད་ལས་ཀྱི་དགེ་མཚན་འབུར་དུ་ཐོན་ལ། ཟི་ལིང་གི་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཧ་ཅང་མཐུན་པ་མ་ཟད། མཉམ་ལས་ཀྱི་རྨང་གཞི་བཟང་བོ་ཡོད། ཐེན་ཅིན་སློབ་ཆེན་གྱིས་མུ་མཐུད་དུ་འཇོན་མི་དང་སློབ་ཚན། ཚན་རྩལ་གསར་གཏོད་སོགས་ཕྱོགས་ཀྱི་ཕྱོགས་བསྡུས་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཟི་ལིང་དང་མཉམ་དུ་ཤར་རྒྱུད་ཀྱི་ཐོན་ཁུངས་གསར་གཏོད་དང་མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་ཟུང་འབྲེལ་བྱེད་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་ལྟེ་གནས་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་སོགས་ཕྱོགས་ནས་དངོས་གཉེར་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ། མ་ལག་རང་བཞིན་གྱི་ཇུས་འགོད་དང་རྐྱེན་སྲོལ་ཅན་གྱི་སྐུལ་འདེད་ཁ་ཕྱོགས་སུ་བྱེད་པ། ལས་གཞི་འདྲེན་བྱེད་དང་བྱེད་ཐབས་སུ་བྱེད་པ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་རིན་ཐང་མཐོ་བའི་ངང་བསྒྱུར་བ་དམིགས་འབེན་དུ་བྱེད་པ། ཕྱོགས་ཡོངས་དང་རིམ་པ་མང་པའི་སྒོ་ནས་སྤྱི་ཁོག་རང་བཞིན་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་དང་གསར་གཏོད་བྱེད་པ་དང་། ས་གནས་དང་མཐོ་རིམ་སློབ་གླིང་གི་འཕེལ་རྒྱས་ཐད་ནས་གཉིས་ཕན་མཉམ་རྒྱལ་དང་ཕན་ཚུན་སྐུལ་འདེད་མངོན་འགྱུར་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།
ཁྲའེ་ལིས་ཡོན་གྱིས་ཟི་ལིང་གྲོང་ཁྱེར་གྱིས་དུས་ཡུན་རིང་བོར་ཐེན་ཅིན་སློབ་ཆེན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། ཐེན་ཅིན་སློབ་ཆེན་གྱིས་འཛམ་གླིང་གི་རྩེ་གྲ་སློབ་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ནས། སློབ་ཚན་འཛུགས་སྐྲུན་དང་འཇོན་མི་སྐྱེད་སྲིང་། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ནས་གྲུབ་འབྲས་མངོན་གསལ་བླངས། ཉེ་བའི་ལོ་འགའི་རིང་ལ། སློབ་གྲྭས་ཞིང་ཆེན་དང་སློབ་གྲྭ་བར་གྱི་མཉམ་ལས་གྲོས་མཐུན་ལག་བསྟར་ཟབ་མོ་བྱས་པ་དང་། མཚོ་སྔོན་དང་ཟི་ལིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་མཐུད་བཟང་བོ་བྱས་ལ། མཚོ་སྔོན་མི་རིགས་སློབ་ཆེན་ལ་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་།འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་གསར་གཏོད་ཞབས་ཞུའི་རྟེན་གཞི་འཛུགས་སྐྲུན་ཁྲོད་ཞུགས་ཏེ། ས་གནས་འཕེལ་རྒྱས་ཐད་ཐེན་ཅིན་སློབ་ཆེན་གྱི་སྟོབས་ཤུགས་ཕུལ། མ་འོངས་བར་ཁ་ཕྱོགས་ནས། ཐེན་ཅིན་སླབ་ཆེན་གྱིས་ཞབས་ཞུར་བརྟེན་ནས་འཕེལ་རྒྱས་བརྩོན་པ་དང་བྱས་རྗེས་ལ་བརྟེན་ནས་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཟི་ལིང་གྲོང་ཁྱེར་བར་གྱི་འཐབ་ཇུས་མཉམ་ལས་ཟབ་སྒྱུར་བྱེད་པ། ཚྭ་མཚོའི་ཐོན་ལས་དང་ནུས་ཁུངས་གསར་བ། རྒྱུ་ཆས་གསར་བ་སོགས་གནད་འགག་ཁྱབ་ཁོངས་གཙོར་བཟུང་ནས་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་སྤེལ་བ། སློབ་གྲྭ་དང་ས་གནས་ཀྱི་བྱ་བའི་ཆེད་དོན་ཚན་ཁག་འཛུགས་པ། གསལ་ཁྲ་ཅན་གྱི་དོ་དམ་མ་དཔེ་བརྒྱུད་དེ་ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་བཏང་ནས། ཟི་ལིང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རིག་ནུས་ཀྱི་རྒྱབ་སྐྱོར་དང་འཇོན་མིའི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། ལག་གདང་སྦྲེལ་ནས་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས།
རིན་ཆེན་མཚོས་བསྒྱུར།