ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་སྒྲུབ་ཁང་གིས2025ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་ཀྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱ་འགུལ་སྤེལ།
2025.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ལོ་ནི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་ཏེ་ལོ10འཁོར་བའི་ལོ་ཡིན་པ་དང་། ཟླ4ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཐེངས་བཅུ་པའི་སློབ་གསོའི་ཉིན་རེད།     ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་སྒྲུབ་ཁང་གིས་ཉིན་འགའི་སྔོན་བརྡ་ཐོ་པར་འགྲེམས་བྱས་ནས། རྒྱལ་ཡོངས་སུ2025ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་གྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱ་འགུལ་སྤེལ་རྒྱུའི་གཏན་འབེབས་བྱས།

བརྡ་ཐོའི་ནང་ད་ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་གྱི་བྱ་འགུལ་གྱི་བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་ལག་བསྟར་བྱས་ནས་ལོ་བཅུ་འཁོར་བ”གསལ་བོ་བཏོན་ཡོད།     ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་།    སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ།    རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ10འཁོར་བར་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་མངའ་ཁོངས་ལ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་།    ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས།  བསགས་པའི་ཉམས་མྱོང་རྩ་ཆེན་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་།    རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

བརྡ་ཐོའི་ནང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱ་འགུལ་གྱི་བརྗོད་དོན་གཙོ་བོ་དང་ནང་དོན་གཙོ་བོར་དམིགས་ནས། ཁྱད་ཆོས་ཡོད་པ་དང་ཕན་འབྲས་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱ་འགུལ་སྤེལ་དགོས།     ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲ་ཚིགས་སྣ་ཚོགས་དང་། སྐད་འཕྲིན་སྤྱི་སྟེགས། པོད་ཁུ། མགྲོན་སྣེ་སོགས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། རྣམ་པ་སྣ་ཚོགས་ལ་བརྟེན་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལ་གསལ་འགྲེལ་གཏིང་ཟབ་བྱས་ཡོད། དེ་དང་ཆབས་ཅིག ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་སྒྲུབ་ཁང་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཤེས་བྱ་དྲ་ཐོག་ནས་དྲིས་ལན་འདེབས་པའི་བྱ་འགུལ་རྩ་འཛུགས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པའི་རྣམ་པ་ཟབ་མོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཤ་བོ་རིན་མཚོས་བསྒྱུར།