ཟླ4པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ནགས་རྩྭའི་སྤྱི་དཔོན་ཝུའུ་ཞའོ་ཅུན་དང་། ཧྲིན་ཀྲང་། ཞིང་ཆེན་ནགས་རྩྭའི་སྤྱི་དཔོན་ལའོ་ཏུང་ཁྲོན་གྱིས2025ལོའི་ནགས་རྩྭའི་སྤྱི་དཔོན་གྱི་བཀའ་ཁྱབ་དང་པོ་སྟེ། 《2025ལོའི་མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་དང“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལས་དོན་གྱི་གཙོ་གནད་གནད་དོན》ཞེས་པར་མཉམ་དུ་མིང་བཀོད་ནས་ཆོག་མཆན་སྤྲད་དེ། བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་དང“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་གཙོ་བོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།“བྱང་གསུམ”བཟོ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ནགས་རྩྭའི་སྤྱི་དཔོན་གྱི་བཀའ་ཁྱབ་ནང་བྱེ་འགོག་དང་བྱེ་བཅོས་ལས་དོན་གྱི་ཁྱད་ཆོས་ལ་ངོས་འཛིན་ནན་མོ་བྱེད་རྒྱུ་དང་། ནགས་རྩྭའི་དཔོན་གྱི་ལམ་ལུགས་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་མི་སྣ་དང་པོའི་འགན་འཁྲིར་ཤུགས་བསྣན་ནས། ཀྲུང་དབྱང་གི་མ་དངུལ་གཏོང་སྤྲོད་བྱེད་ཚད་དང་ལས་གཞིའི་ལས་མགོ་རྩོམ་ཚད། ལས་འགན་ཡོངས་འགྲུབ་བྱེད་ཚད་བཅས་ལ་དུས་རིམ་གྱི་མྱུར་ཚད་དང་མཐུན་པའི་སྒོ་ནས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ལ། དུས་མཚུངས་སུ། 《མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་ཀྱིས“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་བསམ་འཆར》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་མ་ལག་ཚང་བའི་མ་དངུལ་གྲངས་འབོར་འདང་ངེས་ཡོང་བར་འགན་ལེན་བྱེད་རྒྱུ་དང་། བཟོ་སྐྲུན་སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱ་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
བྱེ་འགོག་དང་བྱེ་བཅོས་བྱེད་ཕྱོགས་གཙོ་བོར་བཟུང་ནས། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་བྱེད་རྒྱུ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། སྡོང་བོ་དང་ཞིང་ས། རྩྭ་ཐང་བཅས་ཀྱི་བསྡུར་ཚད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ། ཚན་རྩལ་བྱེ་བཅོས་དང་ཉི་འོད་ནུས་པའི་བྱེ་བཅོས། ལམ་ལ་བརྟེན་ནས་བྱེ་བཅོས་སོགས་གསར་གཏོད་བྱེད་སྟངས་ལ་སྐུལ་འདེད་གང་ལེགས་གཏོང་དགོས། 2025ལོའི་ཟླ4པར་གསར་སྐྲུན་ལས་གཞི་ཁྱོན་ཡོངས་ནས་ལས་མགོ་བརྩམས་ཡོད་པ་དང་། ཟླ6པའི་ཟླ་མཇུག་སྔོན་ལ་བཅོས་སྐྱོང་ལས་འགན་གྱི50%ཡོངས་འགྲུབ་བྱ་རྒྱུ། ཟླ10པའི་ཟླ་མཇུག་སྔོན་ལ་ཀྲུང་དབྱང་གི་མ་དངུལ་གཏོང་སྤྲོད་བྱེད་ཚད80%ཡན་ཟིན་པར་བྱས་ནས།“ལོ་གསུམ་གྱི་མཁྲེགས་གཏོར་འགུལ་སྐྱོད”ཀྱི་དམིགས་འབེན་སྔ་སྣུར་སྒོས་འགྲུབ་པར་བརྩོན་ལེན་བྱས་ཏེ། གུང་ཧོའི་གཤོང་ས་དང་ཚྭ་འདམ་གཤོང་སའི་བྱེ་བཅོས་མཁྲེགས་གཏོར་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་སྟེ།“བྱང་གསུམ”བཟོ་སྐྲུན་གྱི་དཔེ་སྟོན་མ་དཔེ་བསྐྲུན་དགོས།
བཟོ་སྐྲུན་བདེ་བླག་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱེད་ཆེད། “ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་བྱེད་པ་དང་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་བྱ་བའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་འགན་གཙང་ལེན་བྱེད་པ་དང་། ལག་རྩལ་གྱིས་འདེགས་སྐྱོར་བྱེད་པའི་རིམ་བཞི་མཉམ་འགུལ་སོགས་ལམ་ལུགས་ཟབ་སྤེལ་གཏོང་བ། “ལས་ཡུལ་དང་པོ་བཞིའི”བྱ་བའི་བྱེད་ཕྱོགས་ཁྱབ་སྤེལ་གཏོང་དགོས། སྐྱེ་ཁམས་བཅོས་སྐྱོང་གི་ལག་རྩལ་མཁྲེགས་གཏོར་དང་འཕྲུལ་ཆས་ཅན་གྱི་སྒྲིག་ཆས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ནགས་ཚལ་དང་རྩྭ་སོན་གྱི་དངོས་ཟོག་ཆ་འཕྲིན་ཅན་གྱི་འགན་སྲུང་མ་ལག་འཛུགས་པ། “བཟོ་ལས་ཀྱིས་རྒུད་སྐྱོབ་ཀྱི་ཚབ་བྱེད་པ”དང“བྱ་དགའ་ཡིས་ཁ་གསབ་ཀྱི་ཚབ་བྱེད་པ”སོགས་ཀྱི་ལམ་སྲོལ་སྤྱད་དེ། མང་ཚོགས་བཟོ་སྐྲུན་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས།
《ཀྲུང་དབྱང་གི་ནགས་ཚལ་དང་རྩྭ་ཐང་གི་མ་དངུལ་ལས་གཞིའི་དོ་དམ་གཏན་འབེབས》དང་། དམིགས་འགུལ་དམིགས་འཇོག་ལྟ་སྐུལ་དོ་དམ་གྱི “གཏན་འགོག་དགུ”སོགས་ལམ་ལུགས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། “ཡིད་རྟོན་མེད་པའི་མིང་ཐོའི”དོ་དམ་ལམ་ལུགས་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་འཆར་འགོད་དང་ལས་གཞི་གཉེར་བ་དང་ལས་སྒྲུབ་ལ་ཇུས་འགོད་འཐེན་པ། བཟོ་སྐྲུན་ལག་བསྟར་བྱེད་པ་ནས་དུས་མཇུག་གི་དོ་དམ་སྲུང་སྐྱོབ་བར་གྱི་འབྲེལ་ཐག་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། བཟོ་སྐྲུན་གྱི་སྤུས་ཚད་ཀྱིས་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པར་འགན་ལེན་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།