ཟླ4པའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལེ་ཨིན་ལ་ཁ་པར་བཏང་།
ལིས་ཆང་གིས་བསྟན་དོན། མིག་སྔར། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་བརྟན་བརླིང་གི་འཕེལ་ཕྱོགས་བཟང་པོ་མངོན་ཡོད། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་གོ་སྐབས་གལ་ཆེན་ལ་འཕྲད་ཡོད། ལོ་འགོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཁི་སི་ཐཱ་ལ་ཁ་པར་བཏང་བ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་དགོངས་གཞི་བརྟན་པོ་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་ཕན་ཚུན་གྱི་ཉོ་འཚོང་གྲོགས་པོ་གལ་ཆེན་ཡིན་པ་དང་། དཔལ་འབྱོར་ཚད་མཐོ་བའི་གསབ་རེས་དང་ཁེ་ཕན་མཉམ་འདྲེས་ཀྱི་འབྲེལ་བ་དམ་ཟབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧུར་ཐག་གིས་ཡོ་རོབ་ཕྱོགས་དང་ལག་གདང་སྦྲེལ་ནས། མཐོ་རིམ་གྱི་འགྲོ་འོང་སྲུང་འཛིན་ལེགས་པོ་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། རང་སོ་སོའི་དོ་ཁུར་གནད་དོན་གྲོས་མོལ་བྱས་ཏེ་ཐག་གཅོད་པ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཡོ་རོབ་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་འཐབ་ཇུས་དང་། དཔལ་འབྱོར་ཉོ་ཚོང་། ལྗང་མདོག གཞི་གྲངས་མངའ་ཁོངས་བཅས་ཀྱི་མཐོ་རིམ་གྲོས་མོལ་གསར་པ་སྔ་མོ་ནས་འཚོགས་རྒྱུར་སྐུལ་འདེད་གཏོང་དགོས།
ལིས་ཆང་གིས་བསྟན་དོན། མིག་སྔར། ཨ་མེ་རི་ཁས་ཁ་གཡོར་ས་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོ་དང་ཡོ་རོབ་ཚུད་པའི་ཉོ་འཚོང་གྲོགས་པོ་ཚང་མར་སྒོ་ཁྲལ་གང་འདོད་དུ་ཁ་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དེ་ནི་དཔེ་མཚོན་ཅན་གྱི་ཕྱོགས་གཅིག་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། དཔལ་འབྱོར་བཙན་ཤེད་བཅས་ཀྱི་བྱ་སྤྱོད་ཅིག་རེད། ཀྲུང་གོ་ཕྱོགས་ཀྱིས་བློ་ཐག་ཆོད་པོས་བྱེད་ཐབས་སྤྱད་པ་ནི་རང་ངོས་ཀྱི་བདག་དབང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་ཆེད་ཡིན་པར་མ་ཟད། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱ་ཆེད་ཀྱང་ཡིན། མིའི་རིགས་སའི་གོ་ལ་གཅིག་ཏུ་འཚོ་སྡོད་བྱས་ཡོད་པ་དང་། རྒྱལ་ཁབ་གཅིག་གིས་ཀྱང་རང་སྲུང་གཙོ་འཇོག་བྱེད་མི་ཐུབ་ལ། སྲུང་སྐྱོབ་རིང་ལུགས་ལ་ཐར་ལམ་མེད་པས། སྒོ་འབྱེད་མཉམ་ལས་ནི་ཡང་དག་པའི་བགྲོད་ལམ་ཡིན། ཀྲུང་གོ་དང་ཡོ་རོབ་ནི་དཔལ་འབྱོར་འཛམ་གླིང་ཅན་དང་ཉོ་འཚོང་རང་དབང་ཅན་དར་སྤེལ་གཏོང་མཁན་དང་། འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་སྲུང་སྐྱོབ་མཁན་དང་རྒྱབ་སྐྱོར་མཁན་ཡིན་པས། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པ་དང་། ཕན་ཚུན་བར་དུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་ལ། རང་མོས་སྒོ་འབྱེད་ཀྱི་ཉོ་འཚོང་དངུལ་གཏོང་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་འཁོར་སྐྱོད་ལེགས་པོ་བྱེད་པར་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་གཉིས་དང་འཛམ་གླིང་དཔལ་འབྱོར་ལ་བརྟན་འཇགས་རང་བཞིན་དང་ངེས་གཏན་རང་བཞིན་སྔར་ལས་མང་པོ་སྣོན་དགོས། ད་ལོའི་ཀྲུང་གོའི་སྤྱི་ཁོག་སྲིད་ཇུས་ཀྱིས་གཏན་འཁེལ་མིན་པའི་རྒྱུ་རྐྱེན་སྣ་ཚོགས་ལ་བསམ་གཞིག་གང་ལེགས་བྱས་ཡོད་ལ། གྲབས་གསོག་སྲིད་ཇུས་ཀྱི་ལག་ཆ་འདང་ངེས་ཤིག་ཀྱང་ཡོད་པས། ཕྱི་ཕྱོགས་ཀྱི་མི་ལེགས་པའི་ཤུགས་རྐྱེན་ལ་ཁ་གཏད་འཇལ་ཐུབ་པ་དང་། རང་ངོས་ཀྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཡོ་རོབ་མནའ་འབྲེལ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་ཡིན།
ཧྥིན་ཏི་ལེ་ཨིན་གྱིས་བསྟན་དོན། ཡོ་རོབ་མནའ་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་འབྲེལ་བར་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད། དེང་སྐབས་ཀྱི་གནས་བབ་འོག ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཡོ་རོབ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་མགོ་ཁྲིད་པའི་ཐུག་འཕྲད་གསར་པ་དུས་ཐོག་ཏུ་འཚོགས་ནས། འདས་ཟིན་པར་ཕྱོགས་བསྡོམས་དང་མ་འོངས་པར་རྒྱང་ལྟ་བྱས་ཏེ། ཡོ་རོབ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁྱབ་ཁོངས་སོ་སོའི་མཐོ་རིམ་ལ་གྲོས་མོལ་བྱེད་པ་དང་། དཔལ་འབྱོར་ཉོ་འཚོང་དང་ལྗང་མདོག་དཔལ་འབྱོར། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏང་འདོད་ཡོད། ཨ་མེ་རི་ཁའི་སྒོ་ཁྲལ་ཇེ་མཐོར་བཏང་བ་དེས་རྒྱལ་སྤྱིའི་ཉོ་འཚོང་ལ་རྡུང་རྡེག་ཚབས་ཆེན་ཐེབས་ཡོད་པ་དང་། ཡོ་རོབ་དང་ཀྲུང་གོ དེ་མིན་ཉམས་ཞན་རྒྱལ་ཁབ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཡོ་རོབ་དང་ཀྲུང་གོས་འཛམ་གླིང་ཉོ་འཚོང་རྩ་འཛུགས་དང་དྲང་གཞག་རང་དབང་གི་ཕྱོགས་མང་ཉོ་འཚོང་ལམ་ལུགས་ལ་སྲུང་སྐྱོང་བྱེད་པར་གཞོལ་ནས། འཛམ་གླིང་དཔལ་འབྱོར་ཉོ་འཚོང་གི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་གཏོང་རྒྱུར་སྲུང་སྐྱོང་བྱེད་པ་དེ་ཕྱོགས་གཉིས་དང་འཛམ་གླིང་ཐུན་མོང་གི་ཁེ་ཕན་དང་ཡོངས་སུ་མཐུན།
ཤ་བོ་རིན་མཚོས་བསྒྱུར།