རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས《ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གནད་དོན་ཁ་ཤས་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས》ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས།
2025.04.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས9ཉིན《ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གནད་དོན་ཁ་ཤས་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས》ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས།

རྒྱབ་ཤ་དཀར་པོའི་དཔེ་དེབ་སྟེང་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གཉིས་ཕན་མཉམ་རྒྱལ་གྱི་ངོ་བོ་གཏིང་ཟབ་ཏུ་གསལ་བཤད་བྱས་པ་དང་། ཀྲུང་གོས་རང་མོས་ཉོ་ཚོང་འདུ་ཤེས་ལག་བསྟར་བྱེད་པ་དང་། འཛམ་གླིང་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་མ་ལག་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་འདྲ་མཉམ་གྲོས་མོལ་དང་གཉིས་ཕན་མཉམ་ལས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བདེ་ཐང་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད།

རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་དང་། དགེ་མཚན་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ལྡན་པས། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་བརྟན་འཇགས་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་ཐད་ལའང་ཕན་ཐོགས་ཡོད།

རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་བསྟན་དོན། 2001ལོར་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཁྲོད་ཞུགས་པ་ནས་བཟུང་། ཀྲུང་གོས་རང་མོས་ཉོ་ཚོང་འདུ་ཤེས་ཧུར་ཐག་གིས་ལག་བསྟར་བྱས་པ་དང་། ཁྱོན་ཡོངས་ནས་རྩ་འཛུགས་ཁྲོད་ཞུགས་སྐབས་ཀྱི་ཁས་ལེན་ལག་བསྟར་བྱེད་པ། འཛམ་གླིང་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་བརྩི་སྲུང་དང་ལག་བསྟར་བྱེད་པ། ཚོང་རའི་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། ཕྱོགས་མང་ཉོ་ཚོང་ལམ་སྲོལ་གྱི་ཕན་ནུས་རང་བཞིན་དང་དབང་ཟིལ་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུའི་ཐད་བྱས་རྗེས་བཟང་པོ་བཞག་ཡོད། དེ་དང་ཆབས་ཅིག ཀྲུང་གོས་ཀྲུང་གོ་དང་ཨ་མེ་རི་ཁའི་དུས་རིམ་དང་པོའི་དཔལ་འབྱོར་ཉོ་ཚོང་གྲོས་མཐུན་འདུ་བའི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཆོད་ཡིག་ནན་ཏན་གྱིས་ལག་བསྟར་བྱས་ཡོད། 

རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཨ་མེ་རི་ཁའི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་རྒྱུན་ལྡན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་འགལ་རྐྱེན་ཚབས་ཆེན་བཟོས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱི་འབྲེལ་ཡོད་བྱེད་སྟངས་ཀྱིས་སྔོན་གྱི་གོ་ལ་ཧྲིལ་བོའི་མཁོ་སྤྲོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་ཆད་དུ་བཅུག་ཡོད་ལ། ཚོང་ར་གཙོ་ཁྲིད་ཡིན་པའི་རང་མོས་ཉོ་ཚོང་སྒྲིག་སྲོལ་ལ་གཏོར་བརླག་བྱས་ཡོད་པ་དང་། རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ལ་འགལ་རྐྱེན་ཚབས་ཆེན་བཟོས་ཡོད་པར་མ་ཟད། ཨ་མེ་རི་ཁ་དང་བཅས་པའི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ལ་གནོད་འཚེ་བཏང་ཡོད།

རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་ལས་བྱས་ཚེ་ཕན་ཁེ་ཐོབ་པ་དང་། འཐབ་འཛིང་བྱས་ཚེ་གནོད་འཚེ་ཕོག་ངེས་ཡིན། ཀྲུང་གོ་དང་ཨ་མེ་རི་ཁས་རང་སོ་སོའི་རྒྱལ་ཁ་བླངས་ཚེ། ཕན་ཚུན་ལ་མཚོན་ན་གོ་སྐབས་ཡིན་པ་ལས་འཇིགས་སྐུལ་མིན། ཨ་མེ་རི་ཁ་ཕྱོགས་ཀྲུང་གོ་ཕྱོགས་དང་མཉམ་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་གྲོས་མོལ་ཁྲོད་བསྟན་པའི་ཁ་ཕྱོགས་ལྟར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་གཞིར་འཛིན་པ་དང་། འདྲ་མཉམ་གྲོལ་མོལ་ལ་བརྟེན་ནས་ཕན་ཚུན་གྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བདེ་ཐང་དང་བརྟན་ལྷིང་། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་དགོས།

ཤ་བོ་གསེར་མཚོས་བསྒྱུར།