ཟླ4པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ནགས་རྩྭའི་སྤྱི་དཔོན་ཝུའུ་ཞའོ་ཅུན་དང་། ཧྲིན་ཀྲང་། ཞིང་ཆེན་ནགས་རྩྭའི་སྤྱི་དཔོན་ལའོ་ཏུང་ཁྲོན་གྱིས2025ལོའི་ནགས་རྩྭའི་སྤྱི་དཔོན་བཀའ་ཁྱབ་གཉིས་པར་མཉམ་དུ་མིང་བཀོད་ནས་ཁྱབ་བསྒྲགས་བྱས་པ་དང་། རིམ་པ་སོ་སོའི་ནགས་རྩྭའི་དཔོན་པོས་འགན་འཁྲི་གཙོ་བོར་ཤུགས་བསྣན་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་དང་མི་སྣ་ཤི་རྨས་ཐེབས་པའི་དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན།
ནགས་རྩྭའི་སྤྱི་དཔོན་བཀའ་རྒྱ་ལས། རིམ་པ་སོ་སོའི་ནགས་རྩྭའི་དཔོན་པོས་སྔོན་འགོག་གཙོ་བོར་འཛིན་པ་དང་ཧུར་ཐག་གིས་མེ་གསོད་པ། ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་གཙོ་བོར་འཛིན་པ་བཅས་ཀྱི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ཏང་སྲིད་གཉིས་ཀྱིས་མཉམ་དུ་འགན་འཁྲི་འཁུར་བ་དང་ཁོངས་གཏོགས་ས་ཆར་འགན་འཁུར་བ། སྡེ་ཁག་བར་མཐུན་སྦྱོར་བྱེད་པ། ཕྱོགས་སོ་སོ་ཟབ་ཞུགས་བྱེད་པ། ཕྱོགས་ཡོངས་ལ་ཁེབས་པ་བཅས་ཀྱི་མེ་འགོག་མེ་གསོད་བྱ་བའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་བཏང་སྟེ། ནགས་ཚལ་ལ་ལྟ་སྲུང་བྱེད་མཁན་ཡོད་པ་དང་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་མཁན་ཡོད་པ། མེ་སྐྱོན་སྔོན་འགོག་བྱེད་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ་བཅས་ལ་ཁག་ཐེག་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས།
རིམ་པ་སོ་སོའི་ནགས་རྩྭའི་དཔོན་པོ་རྣམས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ནགས་ཚལ་དང་རྩྭ་ཐང་ལ་སྐོར་ཞིབ་དང་མེ་འགོག་ཞིབ་བཤེར་སྤྱི་འདོམས་བྱ་བ་སྤེལ་བ་དང་། མེ་འགོག་དུས་རིམ་དུ་སྡེ་ཁག་མང་པོ་རྩ་འཛུགས་བྱས་ནས་མཉམ་འབྲེལ་སྒོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་པ་དང་ཕྱི་རོལ་ཏུ་ཁྲིམས་འགལ་གྱིས་མེ་བཀོལ་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་བྱ་བ་བསྒྲུབ་དགོས། དུས་མཚམས་གལ་ཆེན་དང་དུས་རིམ་གལ་ཆེན་དུ་སྐོར་ཞིབ་བྱེད་ཐེངས་ཇེ་མང་དུ་གཏོང་བ་དང་། འབྱུང་རྩ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱས་ཏེ། དུས་ཐོག་ཏུ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མཐོང་བ་དང་དག་ཐེར་ལེགས་བཅོས་བྱེད་དགོས།
ཕྱོགས་ཡོངས་ནས་སྔོན་བརྡའི་ནུས་པ་ཇེ་ཆེར་གཏོང་བ་དང་། དུས་བཀག་ལྟར་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནས་བབ་ལ་གྲོས་མོལ་ཞིབ་གཅོད་བྱེད་ལ། དུས་ཐོག་ཏུ་མེ་སྐྱོན་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས། ད་ཡོད་ཀྱི་ཆ་རྐྱེན་ལ་རྐང་བཙུགས་ཏེ། ཚོར་ཤེས་བྱེད་ཐབས་འཐུས་ཚང་དང་ཕུན་སུམ་ཚོགས་པར་གཏོང་བ་དང་། མེ་སྐྱོན་ཚད་ལེན་སྔོན་བརྡའི་ནུས་པ་ཧུར་ཐག་གིས་ཇེ་ཆེར་གཏོང་དགོས།
ས་གནས་སོ་སོས་ས་གནས་རང་གི་ནགས་རྩྭའི་ཐོན་ཁུངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། མགྱོགས་མྱུར་སྒོས་ས་གནས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་རུ་ཁག་འཛུགས་སྐྲུན་བྱེད་པ་དང་། ཆེད་ལས་ཅན་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་རྒུད་སྐྱོབ་ནུས་པ་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། མེ་སྐྱོན་སྔོན་འགོག་དུས་རིམ་ནང་དུ། ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་ཆུ་ཚོད་ཉེར་བཞིའི་ལས་རེས་དང་མགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཆ་འཕྲིན་གེགས་མེད་དང་ཐག་གཅོད་ནུས་མཐོ་ཡོང་བར་བྱེད་དགོས། མི་དམངས་ཀྱི་འགོག་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མེ་འགོག་གི་འགུལ་སྐྱོད་ལྔའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ། དྲང་ཕྱོགས་དྲིལ་སྒྲོག་དང་གྱོད་དཔེའི་ཉེན་སྟོན་ལ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་ཉེན་གཡོལ་ནུས་པ་ཇེ་མཐོར་གཏོང་བ་དང་། སྤྱི་ཚོགས་ཡོངས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་བྱ་བར་མཉམ་དུ་ཞུགས་པའི་སྣང་ཚུལ་ལེགས་པོ་བསྐྲུན་དགོས།
ལྷ་མོ་འཚོས་བསྒྱུར།