གནོད་འཚེ་སྣ་ཚོགས་དང་འཕྲལ་སྡོམ་ཆེན་པོའི་ལས་འགན་གྱི་དགོས་མཁོ་དང་འཚམ་པར་བྱེད་ཆེད། ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱིའི་རུ་ཁག་གི་སྦྱོང་བརྡར་དང་དམག་འཁྲུག་འགན་སྲུང་ཡན་ལག་རུ་ཁག་གིས་མེ་གསོད་མི་སྣ་གསར་པའི་དངོས་འཐབ་ཅན་གྱི་སྦྱོང་བརྡར་མུ་མཐུད་དུ་ཉིན་ཤས་རིང་སྤེལ་བ་དང་། སློབ་ཁྲིད་ཀྱི་བྱེད་སྟངས་དང་སློབ་ཚན་གྱི་མ་ལག་གསར་གཏོད་བྱས་པ་བརྒྱུད་ནས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྔོན་ཐོན་དམག་མི་སྐྱེད་སྲིང་བྱས།
ཐེངས་འདིའི་སྦྱོང་བརྡར་གྱིས་སྲོལ་རྒྱུན་གྱི་རྣམ་པ་ལས་བརྒལ་ཞིང་། གནད་ལ་འཁེལ་བའི་སློབ་ཁྲིད་བྱེད་སྟངས་ཁྱབ་གདལ་དུ་བཏང་བ་དང་། རྐྱང་དམག་དང་ཚན་ཆུང་། འཛིན་གྲྭ་དང་མཉམ་ཞུགས་བཅས་རིམ་འཕེལ་སྦྱོང་བརྡར་བྱེད་ཐབས་སྤྱད་དེ། མེ་གསོད་དམག་མི་གསར་པ157ལ་འཛིན་གྲྭ་ཆུང་བའི་ལམ་ལུགས་ཀྱི་སློབ་ཁྲིད་ལག་བསྟར་བྱས། སློབ་ཚན་གྱི་བཀོད་སྒྲིག་ཐད་རྨང་གཞིའི་སྦྱོང་བརྡར་གྱི་ནང་དོན་སོར་འཇོག་བྱས་པ་དང་མཉམ་དུ། མེ་གསོད་ལྟ་སྐུལ་ཁྲིམས་འཛིན་དང་འཛུགས་སྐྲུན་གྲུབ་ཆའི་རི་མོ་ངོས་འཛིན་སོགས་ཚད་ལྡན་ཅན་གྱི་སློབ་ཚན་གསར་དུ་བསྣན་ཡོད་པ་དང་། ནུས་ཁུངས་གསར་པའི་རླངས་འཁོར་གྱི་དོན་རྐྱེན་ཐག་གཅོད་བྱེད་ཐབས་སོགས་ཞིབ་འཇུག་བྱ་གཞི་གསར་པའང་བཙུགས་ཡོད། སྦྱོང་བརྡར་གྱི་ཁྲོད་དུ་ཞོགས་པའི་ཀློག་འདོན་དང་། མཚན་མོའི་སྦྱོང་བརྡར་སོགས་ཀྱི་ནང་དོན་ཇེ་མང་དུ་བཏང་ནས་མེ་གསོད་མཁན་གསར་པའི་མི་སྒེར་གྱི་རྩལ་ནུས་དང་ཚོགས་པའི་མཉམ་ལས་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་བཏང་།
ཡན་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་དངོས་འཐབ་ཅན་གྱི་སྦྱོང་བརྡར་གྱིས“དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་། སྦྱོང་བརྡར་དང་རྒྱུགས་ཟུང་འབྲེལ། དངོས་འཐབ་དངོས་སྦྱོང་བཅས་ཀྱི་དམག་སྦྱོང་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དམག་སྦྱོང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་པ་བརྒྱུད། གཞི་རིམ་གྱི་མེ་གསོད་རོགས་སྐྱོབ་སྡེ་ཁག་ལ་དངོས་འཐབ་ཅན་གྱི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེལ་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།