འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཚེས9ཉིན་སུའེ་ཙེར་གྱི་རི་ནེ་ཝ་རུ་དངོས་ཟོག་ཉོ་ཚོང་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཧྲིལ་བོའི་ཐོག་མའི་ཚོགས་འདུ་བསྡུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁའི“འདྲ་མཉམ་སྒོ་ཁྲལ”ཟེར་བའི་བྱེད་ཐབས་དང་དེའི་ཤུགས་རྐྱེན་ངན་པར་ཧ་ཅང་སེམས་ཁུར་བྱེད་པའི་ཚུལ་བསྟན། ཀྲུང་གོ་ཕྱོགས་ཀྱིས་བསྟན་དོན། ཨ་མེ་རི་ཁའི“འདྲ་མཉམ་སྒོ་ཁྲལ”གྱི་ཁྲལ་ཚད་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཁས་ལེན་བྱེད་པའི་སྒོ་ཁྲལ་ཆུ་ཚད་ལས་བརྒལ་ཡོད་པ་དང་། ཕྱོགས་གཅིག་གིས་རང་དགར་མཐོང་ཆུང་རང་བཞིན་གྱི་སྒོ་ཁྲལ་ཁ་སྣོན་བྱས་པ་ནི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྒྱལ་ཁབ་ལ་ཕན་པའི་ཐོབ་ཐང་གི་རྩ་བའི་རྩ་དོན་དང་རྒྱབ་འགལ་དུ་སོང་ཡོད་ལ། དེ་ནི་དཔེ་མཚོན་རང་བཞིན་གྱི་ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས། བཙན་ཤེད་ཀྱི་བྱ་སྤྱོད་ཅིག་ཡིན་པས། ཉོ་ཚོང་གི་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་དང་། ཨ་མེ་རི་ཁ་རང་ཉིད་ལ་གནོད་བསྐྱལ་བར་མ་ཟད། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་ལ་གནོད་པ་ཚབས་ཆེན་ཐེབས་ཡོད།
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་མི46གིས་གྲོས་རིམ་དེའི་ནང་གཏམ་བཤད་སྤེལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་བསྟན་དོན། ཨ་མེ་རི་ཁའི“འདྲ་མཉམ་སྒོ་ཁྲལ”བྱེད་ཐབས་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩ་བའི་རྩ་དོན་དང་རྒྱབ་འགལ་དུ་སོང་ཡོད་ལ། ཉོ་ཚོང་གི་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་མེད། དབྱིན་ཇི་དང་ཁཱ་ན་ཏ་སོགས་ཀྱིས་ཨ་མེ་རི་ཁའི་བྱེད་ཐབས་འདིས་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་ཟིང་ཟིང་དུ་བཏང་ཡོད་པ་དང་། གོ་ལ་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་ལྷིང་ངང་འཁོར་སྐྱོད་བྱེད་པར་གཏོར་བརླག་ཐེབས་ཡོད་པར་མ་ཟད། ཨ་མེ་རི་ཁ་འདུ་བའི་རྒྱལ་ཁབ་སོ་སོའི་ཐོན་སྐྱེད་ཚོང་བ་དང་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་སྐྱེལ་སྲིད་པར་སྐྱོན་བརྗོད་བྱས།
ཤ་བོ་གསེར་མཚོས་བསྒྱུར།