ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་བྱང་གསུམ་བཟོ་སྐྲུན་མཁྲེགས་གཏོར་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་བསྡུས།
2025.04.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་བྱང་གསུམ་བཟོ་སྐྲུན་མཁྲེགས་གཏོར་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། 2024ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་གྲུབ་འབྲས་སྤྱི་བསྡོམས་བྱས་པ་དང་། 2025ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་། བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་དང་བྱེ་འགོག་བྱེ་བཅོས་ཐད་ཀྱི་བྱ་བ་གཙོ་བོ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་བཀོད་སྒྲིག་བྱས།

ཝུའུ་ཞའོ་ཅུན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྐལ་བཟང་གི་སྙིང་སྟོབས་ཚད་ཤིང་དང་མིག་དཔེ་རུ་བཟུང་སྟེ། གཞི་རྒྱ་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་ལས་དོན་སྤེལ་བ་དང་། བྱང་གསུམ་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ལེན་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་པའི་ཆབ་སྲིད་ཀྱི་ཉམས་ལེན་ཞིག་ཏུ་བརྩི་བ་དང་། དུས་ཚོད་ཀྱིས་སྒུག་མི་སྲིད་པའི་ངར་ཤུགས་དང་ཡུན་རིང་ལ་བྱས་རྗེས་འཇོག་པའི་བརྩོན་སེམས་ལ་བརྟེན་ནས། རྒྱལ་ཁོངས་ལྗང་སྒྱུར་གྱི་རླབས་ཆེན་ལས་དོན་ཁྲོད་མཉམ་དུ་གཞོལ་བ་དང་། རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་བར་སྟོང་ཞིག་འབད་པས་བསྐྲུན་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་རྒྱུན་མཐུད་ངང་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་བཤད་བྱས།

ཝུའུ་ཞའོ་ཅུན་གྱིས་ད་ལོ་ནི་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁོངས་ལྗང་སྒྱུར་ལ་ཚན་རིག་དང་མཐུན་པའི་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་མཇུག་བསྡུ་བའི་ལོ་ཡིན་ཞིང་། བྱང་གསུམ་བཟོ་སྐྲུན་གྱི་ལོ་གསུམ་མཁྲེགས་གཏོར་འཐབ་ཇུས་སྤེལ་བའི་གནད་འགག་གི་ལོ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཐུབ་པར་བྱེད་པ་དང་། འོས་འགན་འདུ་ཤེས་དང་དགོས་གཏུགས་འདུ་ཤེས་དངོས་སུ་ཇེ་དྲག་ཏུ་བཏང་སྟེ། ཚན་རིག་གི་བཅོས་སྐྱོང་དང་གཙོ་གནད་གཅིག་སྡུད། དངོས་སྒྲུབ་མཁྲེགས་གཏོར་བཅས་བྱེད་དགོས་ལ།  ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་མཐའ་གཅིག་ཏུ་ཡོངས་འགྲུབ་བྱས་ནས་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་བ་སྣོན་དགོས། སྤུས་འདེགས་ནུས་སྤེལ་དང་དམངས་ཕན་བྱ་བ་སྔར་ལས་གཙིགས་འཛིན་བྱས་ཏེ། མདོ་དབུས་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གནས་བབ་ཁོང་དུ་ཆུད་པ་དང་། ཡུལ་བབ་དང་བསྟུན་ནས་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་སྐུལ་འདེད་གཏོང་བ། ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བེད་སྤྱོད་དང་འོད་ནུས་བྱེ་བཅོས་ནུས་ཚད་སྔར་ལས་ཆེ་རུ་བཏང་ནས། ཐོབ་སླ་མོ་མིན་པའི་ལྗང་བསྒྱུར་གྲུབ་འབྲས་སྲུང་སྐྱོང་བཟང་བོ་བྱེད་དགོས། ལྗང་མདོག་དགེ་མཚན་གྱི་སྣེ་ཁྲིད་ཐོན་ལས་མ་ལག་འཛུགས་གྲུབ་བྱས་ཏེ། ནགས་རྩྭའི་ཐཱན་འདུས་སྦས་ཤུགས་ཇེ་མཐོར་གཏོང་བ་དང་། རྒྱལ་ཁོངས་ལྗང་བསྒྱུར་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོངས་འབབ་འཕར་ནས་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་དགོས། བྱེད་ཕྱོགས་ནན་འཛིན་དང་དངོས་འབེབས་བྱེད་ཤུགས་ཇེ་ཆེར་བཏང་སྟེ། འགན་འཁྲི་ནན་དཀྲི་ནན་སྡོམ་བྱེད་པ་དང་། ལས་གཞིའི་ལྟ་སྐུལ་དོ་དམ་བྱ་བ་དམ་འཛིན་བྱེད་པ། སྤྱོད་གཙང་བཟོ་བསྐྲུན་བཙུགས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དངོས་སྒྲུབ་སྔོན་བརྩོན་གྱི་དོན་དངོས་འགུལ་སྐྱོད་དུ་འགྱུར་བར་བྱེད་པ་དང་། བྱེད་ཕྱོགས་ལེགས་པོར་བརྟེན་ནས་རྒྱལ་ཁོངས་ལྗང་བསྒྱུར་གྱི་གྲུབ་འབྲས་དངོས་འགན་སྲུང་བྱ་དགོས་ཞེས་བསྟན།

ལའོ་ཏུང་ཁྲོན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། དཔའ་ངར་ཆེན་པོས་འོས་འགན་ཕྲག་ཏུ་བླངས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་དམིགས་ཡུལ་གཙོར་འཛིན་པ་དང་། སྐྱེ་ཁམས་བྱེད་ནུས་ཆེས་ཆེར་མངོན་པར་བྱེད་པའི་ལས་འགན་གཙོ་བོ་གཅིག་སྡུད་བྱེད་པ། ལྗང་མདོག་རྒྱ་སྐྱེད་དང་ལྗང་མདོག་དར་སྤེལ། ལྗང་མདོག་སྲུང་སྐྱོབ་བཅས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ནགས་ཚལ་རྩྭ་ཐང་གི་ཆུ་མཛོད་དང་དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་མཛོད་བཞི་མཉམ་འགུལ་ལེགས་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཤིང་། རི་ཆུ་ནགས་ཞིང་། མཚེའུ། རྩྭ་ས་བྱེ་ཐང་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱེད་པ། གཞི་རྒྱ་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་ཚན་རིག་དང་མཐུན་ཞིང་ནུས་ལྡན་སྒོས་སྐུལ་འདེད་གཏོང་བ། ལས་གཞི་གཙོ་བོ་དང་འོད་ནུས་བྱེ་བཅོས་བྱ་བ་གཞི་འཛིན་ས་གཙོ་བོར་བརྩིས་ཏེ། ནུས་ཤུགས་ཡོད་རྒུས་བྱང་གསུམ་བཟོ་བསྐྲུན་མཁྲེགས་གཏོར་འཐབ་ཇུས་ལེགས་པོར་བསྒྲུབ་པ་དང་། ནགས་རྩྭའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སེམས་ཞིབ་མོས་སྒྲིག་བཟོ་བྱེད་དགོས་ཤིང་། མཛེས་པའི་མཚོ་སྔོན་མཉམ་བསྐྲུན་བྱེད་པའི་བླ་མེད་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ཏེ། མཐོ་སྒང་ས་གཞི་ཆེན་མོས་ལྗང་མདོག་གི་གོས་ལྭ་མནབས་ནས་སྐྱེས་སྟོབས་དཔལ་གྱིས་ཁེངས་བར་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། མགོན་པོ་བཀྲ་ཤིས་དང་། ལིའུ་ཆི་ཧྥན། ཝང་ཝེ་ཏུང་། ཀྲུའུ་ཞང་ཧྥིན། དབྱང་ཧྥིན་ཁྲུན། ལིའུ་ཐའོ། རྣམ་རྒྱལ་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།