མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི2025ལོའི་ན་གཞོན་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་སྒོ་ཟི་ལིང་དུ་སྤེལ།
2025.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས8ཉིན་ནས་ཚེས10ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཚོགས་པ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས་པའི། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི2025ལོའི་ན་གཞོན་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དུ་གྲུབ་འབྲས་ཐོབ་པའི་ངང་སྤེལ། ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་ལག་བསྟར་ཟབ་སྤེལ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ། “མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་བཀའ་དྲིན་སེམས་ལ་བཅངས་ནས་འབད་བརྩོན་བྱེད་མཁན་ལས་ཁུངས་ཀྱིས་ཀུན་གྱི་སྔོན་ལ་བརྩོན་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་འགན་འཁུར་དགོས”ཞེས་པ་བརྗོད་དོན་དུ་བཟུང་ཡོད་ལ། དེའི་དམིགས་ཡུལ་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ན་གཞོན་རྣམས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཟབ་སྤེལ་གཏོང་བ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་བ་དང་། ན་གཞོན་གྱི་སྤྱོད་ཚུལ་འཛུགས་སྐྲུན་ཟབ་སྤེལ་གཏོང་བ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཡིད་ཆེས་བརྟན་གཏོང་དང་དམ་པ་དོན་གཉེར་བྱས་ནས་ཀུན་གྱི་སྔོན་ལ་བརྩོན་ལེན་བྱེད་པར་ཁྲིད་སྟོན་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་ཆེད་ཡིན།

ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོར་སྙན་ཞུ་རྣམ་པའི་སྒྲོག་འགྲེལ་དང“རིགས་པའི་གཞུང་ལུགས་དང་རིག་རྩལ་ཟུང་འབྲེལ”རྣམ་པའི་སྒྲོག་འགྲེལ། མ་རྩོམ་རྣམ་པའི་སྒྲོག་འགྲེལ། བརྙན་ཐུང་རྣམ་པའི་སྒྲོག་འགྲེལ་སོགས་རིགས་བཞི་བཀོད་སྒྲིག་བྱས་ཡོད་ཅིང་། སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་མང་ཡིན་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ན་གཞོན་ཏང་ཡོན་དང་ཚོགས་མི400ལྷག་དང་དེ་བཞིན་ལས་རིགས་སོ་སོའི་ཕུལ་བྱུང་ན་གཞོན་འཐུས་མི་འབད་པས་ཞུགས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ན་གཞོན་ཚོའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ལང་ཚོའི་ཉམས་འགྱུར་གང་ལེགས་སྒོས་མངོན་པར་བསྟན།

སྙན་ཞུ་རྣམ་པའི་སྒྲོག་འགྲེལ་བྱེད་སྒོའི་ཁྲོད་ཞིང་ཆེན་ཐད་གཏོགས་ལས་ཁུངས་ནས་ཡོང་བའི་ཕུལ་བྱུང་ན་གཞོན་དྲིལ་སྒྲོག་པ38ཀྱིས་བརྗོད་དོན་དང་དམ་པོར་འབྲེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་ལས་དོན་སྐོར་གྱི་  དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཚན་རྩལ་གསར་གཏོད་དང་སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཕྱོགས་མང་པོའི་ཐད་ནས་སྒྲོག་འགྲེལ་བྱས། ཁོ་ཚོས་གསོན་ཉམས་ཅན་གྱི་དཔེ་མཚོན་དང་སྤྲོ་སེམས་རྣལ་མར་བརྟེན་ནས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ན་གཞོན་ཚོའི་འགན་འཁྲིའི་འདུ་ཤེས་དང་ལང་ཚོའི་གཏམ་རྒྱུད་མཉམ་སྤྱོད་བྱས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ན་གཞོན་ཚོའི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དགེ་མཚན་ལྡན་པའི་བྱས་རྗེས་དང་ལང་ཚོའི་ཉམས་འགྱུར་མངོན་པར་བསྟན། “རིགས་པའི་གཞུང་ལུགས་དང་རིག་རྩལ”རྣམ་པའི་སྒྲོག་འགྲེལ་བྱེད་སྒོའང་སྔོན་མ་དང་འདྲ་བར་ངོ་མཚར་ཆེ་ལ་ཡིད་འགུགས་ཀྱི་ནུས་པ་ཆེན་པོ་ལྡན་ལ། ན་གཞོན་དྲིལ་སྒྲོག་པ140ལྷག་གིས་རིག་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་དུས་རབས་ཀྱི་སྙིང་སྟོབས་བརྒྱུད་སྤྲོད་བྱས། ལྟད་མོ་ཆེ་བའི་འགྲན་རྩོད་བརྒྱུད་མཐར་གཞི་ནས་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ། ཕུལ་བྱུང་རྩ་འཛུགས་བྱ་དགའ་བཅས་དཔྱད་འདེམས་བྱས་པར་མ་ཟད། ཡུལ་དངོས་ནས་བྱ་དགའ་བྱིན།

སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་སྐབས་སུ། ད་དུང་མ་རྩོམ་དང་བརྙན་ཐུང་སྒྲོག་འགྲེལ་རྣམ་པར་བརྟེན་ནས་དཔྱད་ཞིབ་ལས་དོན་མཉམ་སྤེལ་བྱས། བརྩམས་ཆོས་དེ་དག་གིས་ཡི་གེ་དང་བརྙན་ལམ་གྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་ཀློག་འགྲེལ་ཟབ་མོ་བྱས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ན་གཞོན་རྣམས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་དང་ལག་ལེན་ནུས་པ་མངོན་སུམ་ཇེ་མཐོར་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།