རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཧན་གོར་འཚམས་འདྲི་བྱས།
2025.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧན་གོའི་རྒྱལ་ཚོགས་ཀྱི་གདན་དྲངས་པ་ལྟར་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་ཟླ4པའི་ཚེས10ཉིན་ནས་ཚེས12ཉིན་བར་དུ། རྒྱལ་ཡོངས་དམངས་ཆེན་གྱི་ཚོགས་པའི་སྣེ་ཁྲིད་དེ་ཧན་གོར་འཚམས་འདྲི་བྱས་ཏེ་སོ་སོར། ཧན་གོའི་གྲོས་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་དང་གྲོས་དཔོན་གཞོན་པ་ལིས་ཞུའེ་ཡུང་། ཧན་གོ་དང་ཀྲུང་གོའི་གྲོས་མི་མནའ་འབྲེལ་གྱི་ཚོགས་གཙོ་ཅིན་ཐའེ་ཉན་བཅས་དང་གྲོས་མོལ་བྱས།

བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་དང་ཧན་གོའི་བར་འབྲེལ་བ་བཙུགས་ནས་ལོ30ལྷག་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་གའི་འབྲེལ་བར་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ནས་བསྟན་དོན། ཀྲུང་གོ་དང་ཧན་གོའི་འབྲེལ་བ་ནི་བསྒྱུར་མི་ཐུབ་པའི་ཁྱིམ་མཚེས་དང་ཁ་འབྲལ་མི་ཐུབ་པའི་ཟླ་གྲོགས་ལྟ་བུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧན་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཧན་གོར་བཟུང་བའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཟབ་སྤེལ་གཏོང་བ་དང་། ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཧན་གོའི་བར་གྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།

ཧན་གོ་ཕྱོགས་ཀྱིས་ཧན་གོ་དང་ཀྲུང་གོ་ནི་ཁ་འབྲལ་ཐབས་མེད་པའི་མཉམ་ལས་ཟླ་གྲོགས་ཡིན་པ་དང་། ཧན་གོ་ཕྱོགས་ཀྱིས་ཧན་གོ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ། མཐོ་རིམ་འགྲོ་འོང་དང་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་ལ་ཤུགས་བསྣན་ནས། དཔལ་འབྱོར་ཉོ་ཚོང་དང་མི་གཞུང་རིག་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་ཇེ་རྒྱས་སུ་བཏང་ནས། མཉམ་དུ་ལག་གདང་སྦྲེལ་ནས་འཕེལ་རྒྱས་སྔར་ལས་གང་ལེགས་མངོན་འགྱུར་བྱེད་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་ལངས་ཕྱོགས་ལ་བརྩི་འཇོག་བྱ་རྒྱུ་བསྐྱར་བསྒྲགས་བྱས་པ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།