ཚེས13ཉིན་ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་བསྟན་དོན། ཨ་རི་ཤར་མའི་དུས་ཚོད་ཟླ4ཚེས12ཉིན། ཨ་རི་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་བརྡ་ཐོའི་ནང་། རྩིས་འཁོར་དང་རིག་ནུས་ལག་ཁྱེར་ཁ་པར། ཕྱེད་འདྲེན་གཟུགས་ཀྱི་བཟོ་སྐྲུན་སྒྲིག་ཆས། འདུས་གྲུབ་གློག་ལམ་སོགས་ཐོན་རྫས་ཁག་ཅིག་གི་འདྲ་མཉམ་སྒོ་ཁྲལ་མེད་པར་བཏང་བའི་ཐད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཤུགས་རྐྱེན་ལ་དཔྱད་འཇོག་བྱེད་བཞིན་ཡོད།
མགྲིན་ཚབ་པས་བསྟན་དོན། ང་ཚོས་དོ་སྣང་བྱས་པ་ལྟར་ན། དེ་ནི་ཨ་རི་ཕྱོགས་ཀྱིས་ཟླ4ཚེས10ཉིན་གྱི་ཉོ་འཚོང་གྲོགས་པོ་སྐོར་ཞིག་ལ་གནས་སྐབས་འབོར་གྲངས་མཐོ་བའི་སྒོ་ཁྲལ་ཇེ་དམའ་རུ་བཏང་བའི་ཚུན་ལ། འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་ཐེངས་གཉིས་པ་རེད། དེ་ནི་ཨ་རི་ཕྱོགས་ཀྱིས་ཕྱོགས་གཅིག་གི་སྒོ་ཁྲལ་འདྲ་མཉམ་གྱི་ནོར་འཁྲུལ་སེལ་སྟངས་ཆུང་ངུ་ཞིག་རེད་ཅེས་བཤད་ཆོག
མགྲིན་ཚབ་པས་བསྟན་དོན། སྲིད་འཛིན་བཀའ་རྒྱ་ཤོག་བུ་གཅིག་གིས་འདྲ་མཉམ་སྒོ་ཁྲལ་ཟེར་བའི་བྱེད་ཕྱོགས་བཏོན་པ་དེས་དཔལ་འབྱོར་ཆོས་ཉིད་དང་ཁྲོམ་རའི་ཆོས་ཉིད་ལ་རྒྱབ་འགལ་བྱས་པ་མ་ཟད། རྒྱལ་ཁབ་བར་གྱི་ཁ་གསབ་མཉམ་ལས་དང་འདོན་སྤྲོད་འབྲེལ་བ་སྣང་མེད་དུ་བཞག་པ་ཞིག་ཀྱང་རེད། འདྲ་མཉམ་སྒོ་ཁྲལ་ཟེར་བ་དེ་ཟླ4ཚེས2ཉིན་བཏོན་པ་ནས་བཟུང་། ཨ་རི་རང་ངོས་ཀྱི་གནད་དོན་གང་ཡང་ཐག་གཅོད་བྱས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། ཁེ་ལས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་ཚོང་གཉེར་དང་མི་དམངས་ཀྱི་འཚོ་བའི་འཛད་སྤྱོད་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པ་མ་ཟད་རང་གཞན་གཉིས་ཀར་གནོད་བསྐྱལ་ཡོད།
མགྲིན་ཚབ་པས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བའི་ཐད་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་འཛིན་གྱིན་ཡོད། ཉོ་འཚོང་གི་གཡུལ་འཐབ་ལ་རྒྱལ་ཁ་ཐོབ་མཁན་མེད་པ་དང་སྲུང་སྐྱོབ་རིང་ལུགས་ལ་ཐར་ལམ་མེད། ཀྲུང་གོའི་ཁ་དཔེར་སྦྲུལ་མདུད་སྦྲུལ་གྱིས་བཤིག་དགོས་ཞེས་པ་ལྟར། ང་ཚོས་ཨ་རི་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ནང་གི་ཕྱོགས་སོ་སོའི་ཚུལ་མཐུན་གྱི་བསམ་ཚུལ་ལ་མཐོང་ཆེན་བྱས་ཏེ། ནོར་འཁྲུལ་ཡོ་བསྲང་བྱེད་པའི་ཐད་གྲུབ་འབྲས་གལ་ཆེན་བླངས་ནས། འདྲ་མཉམ་སྒོ་ཁྲལ་ཟེར་བའི་ནོར་འཁྲུལ་གྱི་བྱེད་སྟངས་རྩ་བ་ནས་མེད་པར་བཟོས་ཏེ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ངང་གླེང་མོལ་བྱས་ནས་མི་མཐུན་པའི་ཆ་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་སྟེང་བསྐྱོད་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན།
ཤ་བོ་རིན་མཚོས་བསྒྱུར།