ཟླ4ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཆིན་མེན་ལ་མཇལ་འཕྲད་གནང་།
ཟླ4ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཆིན་མེན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཡང་བསྐྱར་ཡོ་ནན་ལ་རྒྱལ་དོན་མཚམས་འདྲིར་ཡོང་ནས་ཡོ་ནན་གྱིས་གསར་བཅོས་བྱ་གཞག་ཐད་ནས་བླངས་པའི་གྲུབ་འབྲས་ལ་དངོས་སུ་བདེན་དཔང་བྱས་པ་དང་། ཀྲུང་གོ་དང་ཡོ་ནན་གྱི་མཛའ་མཐུན་རྨང་གཞི་དངོས་སུ་ཚོར་བྱུང་། མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། ཡོ་ནན་གྱིས་མི་རིགས་འཕེལ་རྒྱས་ཀྱི་དུས་རབས་གསར་བའི་སྒོ་འབྱེད་རྒྱུ་ཡིན་པས། ཕྱོགས་གཉིས་ཀ་རང་སོ་སོའི་དར་རྒྱས་གོང་འཕེལ་གྱི་གནད་འགག་དུས་སྐབས་སུ་གནས་ཡོད། ཟིང་ཟིང་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལ་གདོང་གཏོད་དུས། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱིས་བགྲོད་ལམ་རང་རྟོན་དང་ལམ་ལུགས་རང་རྟོན་བརྟན་པོ་བཅངས་དགོས་ལ། མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་པ་དང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ལག་རྡང་སྦྲེལ་ནས་དེང་རབས་ཅན་དུ་བསྐྱོད་དེ་འཛམ་གླིང་ལ་བརྟན་འཇགས་རང་བཞིན་དང་དྲང་ནུས་སྔར་ལས་མང་པོ་སྩོལ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་ནི་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས། ཆབ་སྲིད་ཁ་ཕྱོགས་དེ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་དང་བྱ་གཞག་གི་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་དམ་ཟབ་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྱིས་དུས་ལྟར་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་དུ་དོ་ཁུར་བྱེད་པའི་གྲོས་གཞི་གལ་ཆེན་ཐད་བསམ་ཚུལ་བརྗེ་རེས་བྱེད་པ་དང་། མུ་མཐུད་དུ་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་བ། ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། ཁ་ཕྱོགས་བརྟན་སྲུང་བྱས་ཏེ་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་བརྟན་པོའི་ངང་གོང་དུ་འཕེལ་བར་འགན་སྲུང་བྱེད་དགོས། ཏང་ཁག་བར་དང་ཁྲིམས་འཛུགས་ལས་ཁུངས། ཆབ་སྲིད་གྲོས་མོལ་རྩ་འཛུགས་བར་གྱི་ཁ་གཏད་བརྗེ་རེས་མཉམ་ལས་མུ་མཐུད་དུ་རྒྱུན་སྲིང་བྱས་ཏེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་དགོས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་དང“ཀྲུང་གོ་དང་ཡོ་ནན་གྱི་མི་གཞུང་བརྗེ་རེས་ལོ”གོ་སྐབས་སུ་བརྩིས་ཏེ། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་དམར་པོའི་ཐོན་ཁུངས་ལེགས་པོར་སྤྱོད་པ། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་དང་ཁྱད་པར་དུ་གཞོན་རབས་པ་ཚོས་ཕན་ཚུན་རྒྱུན་ལོན་དང་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་སྦྲེལ་ཐག་སྔར་ལས་ཇེ་དམ་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཡོ་ནན་རྒྱལ་ཚོགས་བར་བརྗེ་རེས་འབྲེལ་འདྲིས་མང་བ་དང་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྲོལ་རྒྱུན་མཛའ་བརྩེ་ལ་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་ལག་བསྟར་ལ་འགན་སྲུང་བྱེད་པ། ཕྱོགས་མང་མཐུན་སྦྱོར་ཇེ་ལེགས་སུ་གཏོང་བའི་ཐད་བྱ་བ་མང་པོ་སྒྲུབ་པ། རང་སོ་སོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་བརྗེ་རེས་བྱས་ནས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་ནང་དོན་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
ཟླ4ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཆིན་མེན་ལ་མཇལ་འཕྲད་གནང་།
ཁྲིན་ཆེན་མེན་གྱིས་བསྟན་དོན། ཡོ་ནན་དང་ཀྲུང་གོ་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྐབས་རིམ་བྱུང་གི་མགོ་ཁྲིད་མི་སྣའི་ཞིབ་ཚགས་གསོ་སྐྱོང་འོག“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན”པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་ཆགས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཡུན་རིང་མཛའ་མཐུན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་ལས་ཀྲུང་གོའི་ཏང་དང་རྒྱལ་ཁབ། མི་དམངས་ཀྱིས་ཡོ་ནན་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཐུབ། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་མཛུབ་ཁྲིད་གལ་ཆེན་བཏོན་ཡོད་པས། ཡོ་ནན་དང་ཀྲུང་གོའི་འབྲེལ་བས་ལེའུ་གསར་བ་འབྲི་བའི་ཐད་སྐུལ་འདེད་གཏོང་ཐུབ། ཡོ་ནན་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་བསྡུས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱེད་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་ངོས་འཛིན་ངེས་པ་དོན་གྱིས་དངོས་འབེབ་བྱས་ཏེ། རྒྱལ་ཁབ་གཉིས་མཉམ་དུ་དར་རྒྱལ་འཕེལ་རྒྱས་འགྲོ་བ་དང་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་བཟང་པོ་འཇོག་རྒྱུར་རེ་བ་བྱེད་ཀྱིན་ཡོད།
ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།