ས་གནས་དེའི་དུས་ཚོད་ཟླ4ཚེས14ཉིན་གྱི་ཉིན་གུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧོ་ནེ་རུ་འབྱོར་ནས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་།
ས་གནས་དེའི་དུས་ཚོད་ཟླ4པའི་ཚེས14ཉིན་གྱི་ཉིན་གུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧོ་ནེ་རུ་འབྱོར་བ་དང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་། ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆཱང་གིས་གདན་དྲངས་པ་ལྟར། ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་།
ས་གནས་དེའི་དུས་ཚོད་ཟླ4ཚེས14ཉིན་གྱི་ཉིན་གུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧི་ནེ་རུ་འབྱོར་ནས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་། འདི་ནི་ཞི་ཅིན་ཕིང་གིས་མི་ཚོགས་ལ་ཕྱག་གཡུག་བྱས་ནས་གུས་འདུད་ཞུ་བའི་རྣམ་པ་རེད།
ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧོ་ནེའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆཱང་དང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་ཅིན་ཞིའུ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཧའེ་ཀྲུང་སོགས་ཡོ་ནན་གྱི་ཏང་སྲིད་མགོ་ཁྲིད་པ་དང་ས་གནས་ཀྱི་འཐུས་མིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། ཡོ་ནན་གྱི་ན་གཞོན་བུ་མོས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ། གུས་ཞབས་དམག་མི་ས་གདན་དམར་པོའི་གཞོགས་གཉིས་སུ་བསྒྲིགས་ནས་མེ་མདའ་བཟུང་སྟེ་གུས་འདུད་ཞུས། ས་གནས་དེའི་གཞོན་ནུ་ཚོས་མི་རིགས་ཀྱི་གྱོན་ཆས་གྱོན་པ་དང་། རོལ་དབྱངས་དཀྲོལ་བ། གླུ་གཞས་ལེན་པ་དང་ཞབས་བྲོ་འཁྲབ་པ་སོགས་ཀྱི་སྒོ་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དར་ཆ་གཡུག་གཡུག་བྱས་ཏེ་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་མཛད་ནས་ཡོ་ནན་གུང་ཁྲན་ཏང་དང་། ཡོ་ནན་སྲིད་གཞུང་། ཡོ་ནན་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཡོ་ནན་གུང་ཁྲན་ཏང་བཙུགས་ནས་ལོ95འཁོར་བ་དང་། ཡོ་ནན་རྒྱལ་ཁབ་བཙུགས་ནས་ལོ80འཁོར་བ། ལྷོ་ཕྱོགས་བཅིངས་འགྲོལ་བྱས་ནས་ལོ50འཁོར་བའི་ལོ་ཡིན། ཡོ་ནན་གུང་ཁྲན་ཏང་གིས་ཡོ་ནན་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་འཛུགས་སྐྲུན་དང་རྒྱལ་ཁབ་འཛུགས་སྐྲུན་གྱི“བརྒྱ་ལོ་གཉིས”ཀྱི་དམིགས་འབེན་ཕྱོགས་སུ་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་པས། རྒྱལ་སྤྱི་དང་ས་ཁུལ་གྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་ཅན་དང་དེང་རབས་ཅན་འཛུགས་སྐྲུན་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ནི་རི་ཆུ་འདབས་འབྲེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན། རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་གཡོ་འགུལ་ཆེ་བའི་ལོ་ཟླའི་ཁྲོད། ཕྱོགས་གཉིས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་མཛའ་བརྩེ་ཟབ་མོ་ཆགས་ཡོད། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ཐད་ནས་ཕྱོགས་གཉིས་ཀྱིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔེ་ལྟ་བྱེད་པ། ལག་རྡང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་པས། འཛམ་གླིང་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་གསལ་པོར་བསྟན་ཡོད། ད་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་དང“ཀྲུང་གོ་དང་ཡོ་ནན་གྱི་མི་གཞུང་བརྗེ་རེས་ལོ”ཡིན་པས། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཡོད། ངས་ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བརྩིས་ནས་ཡོ་ནན་གྱི་མགོ་ཁྲིད་བློ་མཐུན་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་དང་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་མཉམ་དུ་འཆར་འགོད་གསར་པ་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་སོགས་འགྲོ་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་དེ་ཡོ་ནན་ལ་འབྱོར།
ཀྲུང་གོའི་ཡོ་ནན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཧི་ཝེ་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་གྲུ་ཐང་ནས་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དར་དམར་ལྷབ་ལྷུབ་གཡུག་པ་དང་། “ཀྲུང་གོ་དང་ཡོ་ནན་གྱི་མཛའ་བརྩེ་ནམ་ཡང་ཆད་པ་མེད”ཞེས་པ་དང་། “རི་ཆུ་འདབས་འབྲེལ། ལས་དབང་མཉམ་གནས།” “ཀྲུང་གོ་དང་ཡོ་ནན་གྱི་མཛའ་བརྩེ་ཟབ་ཅིང་། བློ་མཐུན་ཡིན་པར་མ་ཟད་སྤུན་ཟླ་ཡང་ཡིན”ཞེས་པ་སོགས་ཀྱི་འཕྲེད་བྱང་དམར་པོ་དེ་དག་གིས་མིག་མདངས་འཕྲོག་པར་བྱེད། ས་གནས་དེའི་མང་ཚོགས་དང་ཀྲུང་གོའི་དངུལ་གཏོང་ལས་ཁུངས། ཕྱི་འགྲིམ་སློབ་མ་བཅས་ཀྱི་འཐུས་མི་བགྲོད་ལམ་གྱི་གཞོགས་གཉིས་སུ་འཛོམས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཤ་བོ་གསེར་མཚོས་བསྒྱུར།