ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆཱང་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་མི་དམངས་མཉམ་སྤྲོ་བྱ་འགུལ་གྱི་འཐུས་མིར་མཇལ་འཕྲད་གནང་།
2025.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆཱང་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་མི་དམངས་མཉམ་སྤྲོ་བྱ་འགུལ་གྱི་འཐུས་མིར་མཇལ་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་གིས་ཁ་བྱང་ལ《ཁྱིམ་མཚེས་མཛའ་མཐུན་གྱི་དབྱངས་རྟ་དཀྲོལ་ནས་ལས་དབང་མཉམ་གནས་ཀྱི་ལེའུ་གསར་པ་མཉམ་དུ་འབྲི》ཞེས་པའི་ཤིས་ཚིག་འབུལ་བའི་ཚུལ་རེད།

ཟླ4ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆཱང་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་མི་དམངས་མཉམ་སྤྲོ་བྱ་འགུལ་གྱི་འཐུས་མིར་མཇལ་འཕྲད་གནང་།

ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མི་སྣ་མཉམ་དུ་ཚོགས་རར་ཐོན་དུས། ཀྲུང་གོ་དང་ཡོ་ནན་གྱི་རིགས་སོ་སོའི་མཛའ་མཐུན་མི་སྣས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་ཁ་བྱང་ལ《ཁྱིམ་མཚེས་མཛའ་མཐུན་གྱི་དབྱངས་རྟ་དཀྲོལ་ནས་ལས་དབང་མཉམ་གནས་ཀྱི་ལེའུ་གསར་པ་མཉམ་དུ་འབྲི》ཞེས་པའི་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བྱ་འགུལ་ལ་ཞུགས་པའི་རྒྱལ་ཁབ་གཉིས་ཀྱི་འཐུས་མིར་ལྷག་བསམ་འཁོལ་བའི་ངང་འཚམས་འདྲི་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བའི་རྨང་གཞི་དང་སྟོབས་ཤུགས་མི་དམངས་ལ་རག་ལས། དུས་ཡུན་རིང་པོར་ལག་རྡང་སྦྲེལ་ནས་རྒྱལ་ཁབ་སྐྱོབ་པའི་གསར་བརྗེའི་མེ་སོན་བཏབ་པ་ནས་དཔུང་བ་མཉམ་གཤིབ་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་མི་རིགས་བཅིངས་འགྲོལ་མངོན་འགྱུར་བྱས་པ་དང་། དེ་ནས་མཉམ་དུ་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད་པའི་བར། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་མཛའ་མཐུན་ལོ་རྒྱུས་ཀྱི་ལེའུ་མཉམ་དུ་བྲིས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་གྱི་མཛའ་བརྩེ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕན་ཚུན་རོགས་རེས་ཁྲོད་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་གྱི་དྲང་བདེན་ལས་དོན་བརྩོན་ལེན་བྱེད་པའི་ཁྲོད་དཔུང་བ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་ནས། “བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”མཛའ་བརྩེ་ཟབ་མོ་ཇེ་ཟབ་ཏུ་བཏང་ཡོད། ཀྲུང་གོ་དང་ཡོ་ནན་གྱི་མཛའ་བརྩེ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཐུན་སྒྲིལ་རོགས་རེས་ཁྲོད་ལོ་འདབ་རྒྱས་ནས་འབྲས་བུ་སྨིན་ཡོད་ལ། ཕྱོགས་གཉིས་ཀྱིས་སྔར་ལས་དྲུག་གི་སྤྱིའི་དམིགས་འབེན་ལ་དམིགས་པ་དང་། ཕན་ཚུན་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ནས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཐད་མུ་མཐུད་དུ་གྲུབ་འབྲས་གསར་བ་བླངས་ཡོད། ཀྲུང་གོ་དང་ཡོ་ནན་གྱི་མཛའ་བརྩེ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་བརྩོན་ལེན་བྱེད་པའི་ཁྲོད་རྒྱུན་འཛིན་དང་གོང་འཕེལ་དུ་སོང་བ་དང་། ཕྱོགས་གཉིས་ཀྱིས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་མགོ་དང་། གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་མགོ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་མགོ་བཅས་ཧུར་ཐག་གིས་ལག་ལེན་བྱས་པར་མ་ཟད། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་དུས་རབས་ཀྱི་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་ལངས་ནས་ཨེ་ཤ་ཡ་གླིང་དང་འཛམ་གླིང་ལ་སྔར་ལས་མང་པོའི་དྲང་ནུས་འདོན་སྤྲོད་བྱས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ནི་ལོ་རྒྱུས་གསར་དུ་བསྐྲུན་མཁན་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྲུང་སྐྱོབ་དང་རྒྱབ་སྐྱོར་ནི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་རྨང་གཞི་བརྟན་པོ་ཡིན། ན་གཞོན་ནི་བྱ་གཞག་གི་མ་འོངས་པ་དང་རེ་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་རྗེས་ཀྱི་ལོ་གསུམ་ནང་ཡོ་ནན་གྱི་ན་གཞོན་ཀྲུང་གོར་ཡོང་ནས་དམར་པོའི་ཞིབ་འཇུག་སློབ་སྦྱོང་གི་འགྲུལ་བཞུད་སྤེལ་བ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྒན་རབས་པའི་གསར་བརྗེའི་ཞབས་རྗེས་བརྒྱུད་ནས་ཀྲུང་གོ་དང་ཡོ་ནན་གྱི་མཛའ་བརྩེའི་དམར་པོའི་གཞི་རྒྱུ་འཚོལ་ཞིབ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྣང་ཚུལ་སྣ་ཚོགས་རོལ་མྱོང་བྱས་ཏེ། རྒྱལ་ཁབ་གཉིས་ཀས་རང་སོ་སོའི་སྤྱི་ཚོགས་རིང་ལུགས་བྱ་གཞག་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་ཆེད་ལང་ཚོའི་སྟོབས་ཤུགས་གཅིག་བསྡུ་བྱེད་རྒྱུ་ཡིན།

སུའུ་ལིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་བ་དང་མི་གཞུང་བརྗེ་རེས་ལོའི་སྐབས་འདིར། ཀྲུང་གོ་དང་ཡོ་ནན་མི་དམངས་ཀྱི་མཉམ་སྤྲོ་བྱ་འགུལ་སྤེལ་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། མཛའ་མཐུན་མཉམ་ལས་ནི་ཡོ་ནན་དང་ཀྲུང་གོའི་འབྲེལ་བའི་གཙོ་རྒྱུན་ཡིན་ལ། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་ཀྱིས་ཡོ་ནན་གྱི་མི་རིགས་རང་བཙན་དང་རྒྱལ་ཁབ་གཅིག་གྱུར། འཛུགས་སྐྲུན་འཕེལ་རིམ་ཁྲོད་སྒེར་སེམས་མེད་པར་རོགས་རམ་གང་མང་གནང་ཡོད་པས་ཡོ་ནན་ཕྱོགས་ཀྱིས་ནམ་ཡང་བརྗེད་མི་སྲིད། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱིས་ཡོ་ནན་དང་ཀྲུང་གོའི་འབྲེལ་བ་དུས་རིམ་གསར་བར་ཞུགས་པར་ཁྲིད་སྟོན་བྱས་ཡོད་ལ། མིའི་རིགས་ཀྱི་དར་རྒྱས་གོང་འཕེལ་ཐད་བྱས་རྗེས་གལ་ཆེན་འཇོག་སྲིད། ན་གཞོན་ནི་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རེ་བ་ཡིན། ཡོ་ནན་དང་ཀྲུང་གོའི་ན་གཞོན་གྱིས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་རྒྱལ་ཁབ་གཉིས་ཀྱི་མི་རབས་རེ་རེའི་མགོ་ཁྲིད་མི་སྣས་སྐུ་དངོས་སུ་གསར་སྐྲུན་གསོ་སྐྱོང་མཛད་པའི་སྲོལ་རྒྱུན་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་དགོས། ཡོ་ནན་གྱི་ན་གཞོན་དག་ཀྲུང་གོར་སོང་ནས་དམར་པོའི་ཞིབ་འཇུག་སློབ་སྦྱོང་གི་འགྲུལ་བཞུད་བྱ་འགུལ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”མཛའ་བརྩེ་གཏིང་ཟབ་ཏུ་གཏོང་དགོས། གསར་སྐྲུན་རྒྱ་སྐྱེད་དང་མཐུན་སྒྲིལ་རོགས་རེས། འཕེལ་རྒྱས་མཉམ་གཉེར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཐད་ནུས་པ་གཙོ་བོ་འདོན་དགོས།

བྱ་འགུལ་གྱི་སྔོན་དུ། ཞི་ཅིན་ཕིང་གིས་སུའུ་ལིན་དང་ལེང་ཆཱང་གི་འགྲོ་རོགས་འོག  ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་པར་རིས་འགྲེམ་སྟོན་ལ་གཟིགས་པ་དང་། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱི་མཛའ་མཐུན་འགྲོ་འོང་གི་རི་མོ་རྩ་ཆེན་ལ་ཕྱིར་དྲན་གནང་།

བྱ་འགུལ་གྱི་རྗེས་སུ། ཞི་ཅིན་ཕིང་དང་སུའུ་ལིན། ལེང་ཆཱང་བཅས་ཀྱིས་མཉམ་དུ་དམར་པོའི་ཞིབ་འཇུག་སློབ་སྦྱོང་གི་འགྲུལ་བཞུད་རྣམ་གྲངས་སྤེལ་མགོ་བརྩམས། ཞི་ཅིན་ཕིང་གིས་སུའུ་ལིན་དང་ཧྥན་མེན་ཀྲིན་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་གྱི་ལྕགས་ལམ་མཉམ་ལས་རྐྱེན་སྲོལ་གྱི་མགོ་རྩོམ་མཛད་སྒོར་བདེན་དཔང་གནང་།

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།