ལིས་ཆང་གིས་པེ་ཅིང་གྲོང་ཁྱེར་དུ་རྟོག་ཞིབ་གནང་།
2025.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ4པའི་ཚེས15ཉིན་པེ་ཅིང་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བབ་ཆགས་ཞི་ལྷོད་ཀྱིས་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ལས་བྱུང་བའི་དཀའ་ཁག་ཆེ་བའི་འགྲན་རྩོད་ལ་ཁ་གཏད་གཅོག་པ། སྔར་ལས་ཤུགས་ཆེན་པོས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ནང་མཁོ་རྒྱ་སྐྱེད་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རའི་གསོན་ཤུགས་དང་སྦས་ཤུགས་འདོན་དགོས།

ཟླ4པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ་རྟོག་ཞིབ་གནང་། འདི་ནི་ལིས་ཆང་ཕྱི་ཕྱོགས་ཉོ་ཚོང་སྤུས་ལེགས་ཐོན་རྫས་ཀྲུང་ཧྭར་སྐྱེལ་བའི་ཞིས་ཏན་ཏཱ་ཡུའེ་ཁྲིན་འགྲེམ་འཚོང་ཡུལ་དངོས་སུ་འབྱོར་ནས། ཐོན་རྫས་ཕྱིར་གཏོང་དང་ནང་འཚོང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་རྣམ་པ་རེད།

ལིས་ཆངཕྱི་ཕྱོགས་ཉོ་ཚོང་སྤུས་ལེགས་ཐོན་རྫས་ཀྲུང་ཧྭར་སྐྱེལ་བའི་ཞིས་ཏན་ཏཱ་ཡུའེ་ཁྲིན་འགྲེམ་འཚོང་ཡུལ་དངོས་སུ་འབྱོར་ནས། འཁལ་འཐག་ཐོན་རྫས་དང་ཡང་བའི་བཟོ་ལས་ཐོན་རྫས། ཟས་རིགས་ཐོན་རྫས་སོགས་འགྲེམ་འཚོང་ཁུལ་དུ་འགྲེམ་འཚོང་ལ་ཞུགས་པའི་ཁེ་ལས་ཀྱི་འགན་འཁུར་བ་དང་ཕྱིར་འཚོང་བར་བརྗེ་རེས་བྱས་ཏེ། ཐོན་ལས་ཕྱིར་གཏོང་དང་ནང་འཚོང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ལིས་ཆང་གིས་བསྟན་དོན། མིག་སྔར་ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པས། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་འཚོང་དང་ཕྱིར་གཏོང་ཐད་ཤུགས་རྐྱེན་ངན་པ་ཐེབས་ཡོད། ཚང་མས་རྡོག་རྩ་གཅིག་སྒྲིལ་དང་རང་འགུལ་ལས་སྒྲུབ། དཀའ་སྤྱད་ཡར་བརྩོན་བཅས་བྱེད་པ་དང་། ཧུར་ཐག་གིས་སྣ་མང་ཅན་གྱི་ཁྲོམ་ར་རྒྱ་བསྐྱེད་པ། ཉོ་ཚོང་གི་ཐབས་ལམ་དང་རྣམ་པ་གསར་གཏོད་བྱས་ནས། ཕྱི་ཕྱོགས་ཉོ་ཚོང་གི་རྨང་གཞི་བརྟན་པོ་ཡོང་བར་འབད་དགོས། སྲིད་ཇུས་སྣ་ཚོགས་བེད་སྤྱོད་ལེགས་པོ་བྱེད་པ་དང་། རྒྱལ་ཕྱི་ནང་གི་ཚད་གཞི་སྦྲེལ་མཐུད་ལེགས་པོ་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ལེགས་ཐོན་རྫས་ནང་འཚོང་གི་སྟེགས་བུ་བསྐྲུན་པ་དང་། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་རང་བདག་ཟོང་རྟགས་བསྐྲུན་ནས། སྲིད་ཇུས་ཀྱི་སྒྲོག་འགྲེལ་ཐད་ཀར་ཁེ་ལས་སྐྱེལ་བའི་རྐྱེན་སྲོལ་འཛུགས་པ་དང་། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། འཛད་སྤྱོད་སྐུལ་སྤེལ་བྱེད་པའི་ཆེད་དོན་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་ཞུགས་བརྟན་པོ་དང་ཡོང་འབར་འཕར་བར་སྐུལ་འདེད་གཏོང་བ། འགན་སྲུང་བརྟན་པོ་སོགས་ཀྱི་ཐད་ནུས་པ་བཏོན་ནས། འཛད་སྤྱོད་ཀྱི་ནུས་པ་མཐོར་འདེགས་དང་འཛད་སྤྱོད་ཀྱི་འདོད་བློ་ཇེ་དྲག་གཏོང་བ་དང་། ནང་མཁོའི་འཕར་ཚད་ཁྲོམ་ར་རྒྱ་བསྐྱེད་གཏོང་དགོས། ལུགས་མཐུན་འགྲན་རྩོད་ལ་སྐུལ་འདེད་བཏང་ནས། ཁེ་ལས་ཀྱིས་དགེ་མཚན་གྱི་བར་ཁྱད་རང་བཞིན་གྱི་འཕེལ་རྒྱས་ལ་རྐང་འཛུགས་པར་ཁྲིད་སྟོན་བྱེད་པ་དང་། ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱས་ནས་འགྲན་རྩོད་ནུས་པ་ཆེ་རུ་བཏང་བརྒྱུད། སྤུས་ལེགས་འདོན་སྤྲོད་ཀྱིས་དགོས་མཁོ་གསར་བ་བསྐྲུན་དགོས།

ཟླ4པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ་རྟོག་ཞིབ་གནང་། འདི་ནི་ལིས་ཆང་གིས་པེ་ཅིང་དངུལ་གཏོང་ཚན་རྩལ་གསར་གཏོད་སྡེ་ཁུལ་གྱི་འཇོན་མིའི་ལས་ཤག་ལས་གཞིའི་ཡུལ་དངོས་སུ། པེ་ཅིང་གྲོང་ཁྱེར་གྱི་གསོག་ཚད་ཁང་བ་ཡར་བསྐྱར་བེད་སྤྱོད་བྱེད་པ་དང་ཕྱིར་འཚོང་སྡོད་ཁང་དེ་འཇོན་མིའི་ལས་ཤག་ཏུ་ཚུལ་སྒྱུར་བྱེད་པའི་ལས་གཞི་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བའི་རྣམ་པ་རེད། 

པེ་ཅིང་དངུལ་གཏོང་ཚན་རྩལ་གསར་གཏོད་སྡེ་ཁུལ་གྱི་འཇོན་མིའི་ལས་ཤག་ལས་གཞིའི་ཡུལ་དངོས་སུ། ལིས་ཆང་གི་པེ་ཅིང་གྲོང་ཁྱེར་གྱི་གསོག་ཚད་ཁང་བ་ཡར་བསྐྱར་བེད་སྤྱོད་བྱེད་པ་དང་ཕྱིར་འཚོང་སྡོད་ཁང་དེ་འཇོན་མིའི་ལས་ཤག་ཏུ་ཚུལ་སྒྱུར་བྱེད་པའི་ལས་གཞི་སོགས་ཀྱི་གནས་ཚུལ་སྙན་ཞུར་གསན་པ་དང་། དཔེ་མཚོན་ཁང་བ་དང་ཉེ་འཁོར་གྱི་ཁོར་ཡུག་ལ་བལྟས་ནས། ལས་ཤག་ཏུ་སྡོད་པའི་ཆེད་མཁས་པར་གླེང་མོལ་མཛད་པ་དང་། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་བྱེད་ཐབས་ལ་ཁས་ལེན་གནང་། ལིས་ཆང་གིས་ཕྱིར་འཚོང་གི་གསོག་ཚད་ཁང་བ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་བྱེད་པ་ནི་ས་ཁང་བདག་ཁོངས་ཁྲོམ་རར་སྐུལ་འདེད་གཏོང་བ་དང་། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་རེད། འབྲེལ་ཡོད་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་གང་ལེགས་བྱེད་པ་དང་། ཉོ་སྒྲུབ་བྱེད་མཁན་དང་། རིན་གོང་། བེད་སྤྱོད་བྱེད་ཡུལ་བཅས་ཀྱི་ཐད་ནས་གྲོང་ཁྱེར་སྲིད་གཞུང་གི་རང་བདག་དབང་ཆ་སྔར་ལས་ཆེན་པོ་སྤྲོད་པར་མ་ཟད། དུས་ཐོག་ཏུ་རྒྱབ་སྐྱོར་བྱེད་ཐབས་གསར་བར་ཞིབ་འཇུག་བྱས་ནས་འདོན་དགོས། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་ཁྱེར་ནང་གི་སྡེ་བ་དང་ཞིག་རལ་ཏུ་གྱུར་བའི་ཁང་བ་བསྒྱུར་བཀོད་བྱེད་པར་ཤུགས་བསྣན་ནས། བྱེད་ཐབས་སྣ་མང་བརྒྱུད་དེ་གསོག་ཚད་ཁང་བ་ཡང་བསྐྱར་བེད་སྤྱོད་དང་འཕར་ཚད་ལེགས་སྒྱུར་བྱེད་དགོས།  གྲོང་ཁྱེར་གྱི་གྲོང་མི་གསར་བ་དང་སྡོད་ཁང་ལ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས། འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྡོད་དམངས་ཀྱི་བརྟན་པོའི་རང་བཞིན་དང་བསྒྱུར་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོར་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས། ལིས་ཆང་གིས་ནན་གྱིས་བསྟན་དོན། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་གཅིག་གི་རིང་། རང་རྒྱལ་གྱི་ས་ཁང་བདག་ཁོངས་ཁྲོམ་རར་སྔར་བཞིན་འཕེལ་རྒྱས་ཀྱི་བར་སྟོང་ཡོད་པས། ཁྲོམ་རའི་སྦས་ཤུགས་སྔར་ལས་འདོན་པ་དང་། ནུས་ཤུགས་ཡོད་རྒུས་ཁང་བ་ལེགས་པོ་འཛུགས་པར་སྐུལ་འདེད་བཏང་སྟེ། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་ངང་བསྐྲུན་པ་དང་། ས་ཁང་བདག་ཁོངས་ཁྲོམ་ར་གཏན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

དབྱིན་ལིས་དང་ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།