ལའོ་ཏུང་ཁྲོན་གྱིས་མིན་དབྱང་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པ་ཀྲང་ཁྲོན་ཝེ་འཁོར་དང་བཅས་པར་ཐུག་འཕྲད་བྱས།
2025.04.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་མིན་དབྱང་རིག་ནུས་ནུས་ཁུངས་སྡེ་ཚོགས་མ་རྐང་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། སྤྱིའི་འགན་འཛིན་པ་ཀྲང་ཁྲོན་ཝེ་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲང་ཁྲོན་ཝེ་འཁོར་དང་བཅས་པར་དགའ་བསུ་བྱས་པ་དང་། མིན་དབྱང་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཐུགས་ཁར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་མིག་སྔར་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་ཞུམ་མེད་མདུན་སྐྱོད་བྱེད་ཀྱིན་ཡོད་ལ། སྟོབས་ཤུགས་གཅིག་སྡུད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱས་པ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། མ་འོངས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་ཤིང་། གོ་སྐབས་ལེགས་པ་དང་སྦས་ཤུགས་ཆེན་པོ་ལྡན། མིན་དབྱང་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་དུ་རྐང་བཙུགས་པ་དང་ནུབ་རྒྱུད་ལ་ཞབས་འདེགས་ཞུས་པས། མཚོ་སྔོན་དང་མཉམ་ལས་ཀྱི་རྨང་གཞི་ལེགས་པོ་ལྡན། ཕྱོགས་གཉིས་ཀྱིས་དག་གཙང་ནུས་ཁུངས་ཐོན་ལས་གསར་སྤེལ་བེད་སྤྱོད་དང་མཐོ་སྒང་གི་ལམ་སྲོལ་ཅན་གྱི་སྒྲིག་ཆས་བཟོ་སྐྲུན། ཚན་རྩལ་བེད་སྤྱོད་དཔེ་སྟོན་སོགས་ཀྱི་ཕྱོགས་ནས་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ལག་རྡང་སྦྲེལ་ནས་སྤུས་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་མངོན་འགྱུར་འབྱུང་བའི་རེ་བ་བྱེད་ཀྱིན་ཡོད་ཟེར།

ཀྲང་ཁྲོན་ཝེ་ཡིས་ཁེ་ལས་ཀྱི་གནས་ཚུལ་མདོར་བསྡུས་དང་། མཚོ་སྔོན་གྱི་འཕེལ་རྒྱས་དང་འཆར་འགོད་སྒྲིག་གཞིའི་གནས་ཚུལ་ངོ་སྤྲོད་བྱས་ཏེ། ཕྲེང་སྦྲེལ་གཙོ་བོའི་ཁེ་ལས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་། མཚོ་སྔོན་གྱི་དངུལ་གཏོང་སྒྲིག་གཞིའི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ནས། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་ལག་རྩལ་རྩེ་གྲས་ཅན་དང་། བེད་སྤྱོད་ཡུལ་རྣམ་ཅན། ཐོན་ལས་ཁྱུ་ཚོགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་རོགས་ཤུགས་འདོན་རྒྱུ་ཡིན་པ་བསྟན།

ལྷ་མོ་འཚོས་བསྒྱུར།