ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2025.04.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4བའི་ཚེས17ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་བྱས་ཤིང་། དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་། གོ་རིམ་རྗེས་མའི་ལས་དོན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་ལ་ཞུགས་པའི་སྐབས་དང་། ཀྲུང་དབྱང་ཉེ་འཁོར་བྱ་བའི་གྲོས་ཚོགས་ལ་ཞུགས་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནན་ཏན་གྱིས་ལག་ལེན་ཏུ་བསྟར་ཏེ། སྐྱེ་ཁམས་ཀྱི་བྱེད་ནུས་ཆེན་པོ་མངོན་འགྱུར་བྱེད་པར་དམིགས་པ་དང་། ལྗང་གསུམ་མཉམ་སྤེལ་རྒྱུན་འཁྱོངས་བྱེད་པ། མཛོད་བཞི་མཉམ་སྒུལ་ལ་སྐུལ་འདེད་གཏོང་བ། སྤུས་འདེགས་དང་ལས་སྤེལ། དམངས་ཕན་བཅས་ལ་སྔར་ལས་དོ་སྣང་ཟབ་མོ་བྱེད་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ས་བྱེ་མ་གཞི་གཅིག་ཏུ་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱེད་པར་གཅིག་འདོམས་བྱེད་པ། གཞི་རྒྱ་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་ལ་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པར་སྐུལ་འདེད་གཏོང་བ། བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་འཐབ་ཇུས་ནུས་ཤུགས་ཡོད་དགུས་ཡག་པོར་སྤེལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་རྨང་གཞི་བརྟན་པོར་འདིང་དགོས། ལངས་གནས་སྔར་ལས་མཐོན་པོ་དང་། མིག་རྒྱང་སྔར་ལས་ཡངས་པོ། ནུས་ཚད་སྔར་ལས་ཆེ་བའི་སྒོ་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་གཏིང་ཟབ་ཏུ་འདྲེས་པར་བྱེད་པ་དང་། ནུབ་རྒྱུད་སྐམ་སའི་རྒྱུ་ལམ་གསར་བ་སྤུས་ཚད་མཐོན་པོས་མཉམ་སྐྲུན་བྱེད་པ། ཉེ་འཁོར་རྒྱལ་ཁབ་བར་གྱི་དག་གཙང་ནུས་ཁུངས་དང་། ལྗང་མདོག་རྩིས་ནུས། རིག་གནས་ཡུལ་སྐོར། ཚྭ་མཚོའི་རྫས་འགྱུར་བཟོ་ལས་སོགས་དགེ་མཚན་ལྡན་པའི་ཁྱབ་ཁོངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་མཉམ་ལས་ཧུག་ཐག་གི་རྒྱ་བསྐྱེད་པ། ཉེ་འཁོར་རྒྱལ་ཁབ་ཀྱི་ཁེ་ལས་སྔར་ལས་མང་བོ་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པའི་འགུག་ཤུགས་ཡོད་པར་བྱས་ཏེ། རྒྱལ་ཁབ་ཀྱིས་ནུབ་ཕྱོགས་སུ་སྒོ་འབྱེད་པའི་གོ་རིམ་གལ་ཆེན་བསྐྲུན་ནས། ཉེ་འཁོར་བྱ་བའི་རྣམ་པ་གསར་དུ་འབྱེད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་བསྟན་དོན། ད་ལོར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་དང་། སྔ་མོ་ནས་དམ་འཛིན་དང་ཕྱོགས་བསྡུས་ཇུས་བསྟར་བྱས་ལ། ནུས་ཤུགས་ཡོད་དགུས་འཕར་སྣོན་བརྟན་པོ་དང་། སྔོན་དཔག་བརྟན་པོ་ཡོང་བ་དང་ཡིད་ཆེས་ཇེ་མཐོར་བཏང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྒོ་འབྱེད་རྣམ་པ་བརྟན་པོ་ཡིན་ཞིང་། བརྟན་ཐོག་ཡར་འཕེལ་དང་མུ་མཐུད་བཟང་ཕྱོགས་སུ་འཕེལ་ནས་ཐོག་མའི་དུས་ཚིགས་ཀྱི་རྒྱལ་ཁ་མངོན་འགྱུར་བྱུང་། འདི་འདྲའི་གྲུབ་འབྲས་ནི་ཐོབ་སླ་བ་ཞིག་མ་ཡིན་པས། བྱ་བའི་ཁྲོད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་པོ་སྤྱི་བསྡོམས་ཡག་པོ་བྱེད་པ་དང་། རྒྱ་སྐྱེད་བཟང་བོ་དང་བཀོལ་སྤྱོད་གང་ལེགས་བྱེད་དགོས། ཡང་དག་པའི་ལྟ་བས་མིག་སྔའི་གནས་བབ་ལ་བལྟ་བ་དང་། ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམ་སྒྲིག་སྲིད་ཇུས་དང་། ཁུལ་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན། ཐོན་ལས་ཕྲེང་འབྲེལ་བསྐྱར་སྒྲིག་བྱེད་པ། སྒུལ་ནུས་གསར་བ་གསོ་སྐྱོང་བྱེད་པ་སོགས་ཀྱི་གོ་སྐབས་གལ་ཆེན་ཁོང་དུ་ཆུད་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལ་དམིགས་ཏེ། སྲིད་ཇུས་བྱེད་ཐབས་དངོས་འབེབས་བྱེད་པར་ཤུགས་འདོན་པ་དང་། ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པར་ཤུགས་འདོན་པ། བཟོ་ལས་འཕར་སྣོན་བརྟན་པོ་ཡོང་བར་ཤུགས་འདོན་པ། འཛད་སྤྱོད་སྦས་ཤུགས་ཕྱིར་འདོན་པར་ཤུགས་འདོན་པ། ཚོང་འགུག་དངུལ་འདྲེན་ཤུགས་དྲག་ཏུ་གཏོང་བར་ཤུགས་འདོན་དགོས་ལ། འགན་འཁྲི་ཁག་ཁུར་ཇེ་དམ་དང་བྱ་བའི་ཕན་ནུས་མཐོ་རུ་གཏོང་བ་དང་། གནས་བབ་དང་བསྟུན་ནས་མདུན་དུ་བསྐྱོད་པ་དང་མཁྲེགས་་གཏོར་དཀའ་སེལ་བྱེད་པ། ལོ་སྟོད་ཀྱི་ཚད་གཞིའི་ཕྱེད་ཙམ་བརྒལ་བ་མངོན་འགྱུར་འབྱུང་བར་ཁག་ཐེག་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་ཆེད་རྨང་གཞི་ཡག་པོ་ཞིག་འདིང་དགོས།

གྲོས་ཚོགས་ལས2024ལོའི་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་ལག་བསྟར་བྱས་ཚུལ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་ཚུལ། ཚོང་འགུག་དངུལ་འདྲེན་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན། འགན་དབང་གསལ་བོ་དང་མཐུན་སྦྱོར་མཉམ་སྒུལ། མཉམ་འཛིན་མཉམ་སྡོམ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་སྔར་ལས་ཤུགས་དྲག་ཏུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྱོགས་ཡོངས་ནས་ཇེ་དམ་དུ་གཏོང་དགོས། ལས་ཞུགས་ཤོངས་ཚད་མུ་མཐུད་རྒྱ་བསྐྱེད་དེ། སྲིད་ཇུས་ཀྱི་འགན་སྲུང་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། ཁེ་ལས་དང་འཇོན་མི་མཁོ་འདོན་སྡེབ་སྒྲིག་བྱ་བར་གནད་འཁེལ་གྱི་ཞབས་ཞུ་སྒྲུབ་པ་དང་སྐུལ་འདེད་བཏང་ནས། ལས་ཞུགས་རྩལ་ནུས་གསོ་སྦྱོང་གི་ཕན་འབྲས་དངོས་མཐོ་རུ་གཏོང་དགོས། ཚོང་འགུག་དངུལ་འདྲེན་གྱི་འགན་འཁྲི་གཙོ་བོ་ནན་དཀྲི་བྱས་ཏེ། ཚོང་འགུག་དངུལ་འདྲེན་གྱི་གཞི་རྒྱ་ཆེ་བ་དང་། ཚན་རྩལ་འདུས་ཚད་མཐོ་བ། སྐུལ་ཁྲིད་ཕན་ནུས་ཆེ་བའི་སྤུས་ལེགས་ལས་གཞི་དམིགས་འབེན་དུ་བཟུང་ནས་ཚོང་འགུག་མང་ཞིང་། ཚོང་བཟང་བོ་འགུག་ཐུབ་པའི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།