ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་སྔར་གཞུག་ཏུ་སྟོང་སྐོར་རྫོང་དང་། ཧོང་ཀྲུང་ས་ཁུལ་དུ་སོང་ནས་རྟོག་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇས་ཆོད་བཀོད་སྒྲིག། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་གཞིར་བཟུང་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ལ། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ། ནུས་ཚད་སྔར་ལས་ཆེ་བའི་སྒོ་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་པས་སྐུལ་འདེད་གཏོང་བའི་ཁྲོད་དུ་ཁག་ཁུར་གསར་བ་དང་བྱེད་ཕྱོགས་གསར་བ་མངོན་དགོས་ཞེས་ནན་བཤད་བྱས།
སྟོང་སྐོར་རྫོང་ཧི་ཕིན་ཡུལ་ཚོའི་ཞའོ་ཀའོ་ལིན་སྡེ་བའི་ཏང་གཤིས་སློབ་གསོའི་རྟེན་གཞི་རུ་སོང་སྟེ། ལའོ་ཏུང་ཁྲོན་གྱིས་འགྲེམ་ཁང་དུ་བལྟ་ཞིབ་དང་མཚམས་སྦྱོར་བྱས་པར་ཉན་ཞིང་། ཞའོ་ཀའོ་ལིན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དམར་པོའི་ཡུལ་སྐོར་འཕེལ་རྒྱས་བཏང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཞའོ་ཀའོ་ལིན་མི་དམངས་ཀྱིས་དཀའ་ངལ་ཁྱད་སེལ་གྱིས་རི་བཅོས་ཆུ་བཅོས་བྱས་པའི་བླ་ན་མེད་པའི་དཔའ་བོའི་སྙིང་སྟོབས་ལས། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་བཅོས་སྒྱུར་དང་འཕེལ་རྒྱས་ཐད་དཔེ་སྟོན་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། སྔོན་ལ་སྒྲུབ་ཕོད་པ་དང་དངོས་སྒྲུབ་ལས་མཁས་བྱེད་པའི་གོ་ལིན་ཆུང་བའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། དམར་པོའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཚུལ་སྒྱུར་བྱེདཔ་ར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་སོགས་མྱུར་དུ་མཉམ་འདྲེས་འཕེལ་རྒྱས་བཏང་ནས། དུས་རབས་གསར་བའི་རི་བོ་གཉིས་ཀྱི་ལས་དོན་མདུན་ལྗོངས་གསར་བ་ཞིག་ཏུ་བསྒྱུར་བར་འབད་འབུངས་བྱེད་དགོས་ཞེས་བསྟན།
སྟོང་སྐོར་རྫོང་སྟོང་སྐོར་གནའ་མཁར་དུ། ལའོ་ཏུང་ཁྲོན་ཡུལ་ལྷའི་ལྷ་ཁང་དང་། ལམ་འགྲམ་གྱི་ཚོང་ཁང་དུ་སོང་སྟེ་གནའ་མཁར་སྲུང་སྐྱོབ་དོ་དམ་དང་། ལོ་རྒྱུས་རིག་གནས་ཀྱི་མིང་གྲགས་གནའ་མཁར་བསྐྲུན་པ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས། སྲུང་སྐྱོབ་དང་སྒོ་འབྱེད་མཉམ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཆར་འགོད་འཆར་གཞིར་གཅིག་འདོམས་བྱེད་པར་ཤུགས་སྣོན་པ་དང་། རིག་དངོས་ཉམས་གསོ་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པ། རིག་གནས་ཤུལ་བཞག་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱེ་དཔ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས་ཤིང་། དུས་རབས་གསར་བའི་ཇ་རྟའི་ཚོང་མཁར་གྱི་གཟི་ཉམས་མངོན་པར་བྱེད་པའི་སྟེགས་བུ་ཤུགས་ཆེན་པོས་བསྐྲུན་ནས་གནའ་མཁར་ལ་ཡང་བསྐྱར་གསོན་ཤུགས་རྒྱས་སུ་འཇུག་དགོས་ཞེས་ནན་བཤད་བྱས།
ཅུའུ་རན་ཀྲི་ཅཱ་སྟོང་སྐོར་ཧུང་ཧྥ་ཚོང་ཁང་དུ། ལའོ་ཏུང་ཁྲོན་ཚོང་ཁང་ནང་སོང་སྟེ། ཁེ་ལས་འགན་ཁུར་མི་སྣ་དང་། ཚོང་བདག་བར་བརྗེ་རེས་ཟབ་མོ་བྱས་ལ། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་དངོས་འབེབས་བྱས་པ་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས། རིགས་སོ་སོའི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ། འཛད་སྤྱོད་ལ་སྐུལ་བའི་ཆེད་དོན་འགུལ་སྐྱོད་ལག་བསྟར་ནན་མོ་དང་འཛད་སྤྱོད་ཡུལ་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཐོན་རྫས་མཁོ་འདོན་ལེགས་སྒྱུར་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། འཛད་སྤྱོད་དྲིལ་སྒྲོག་དང་ཁྱབ་གདལ་ནུས་ཚད་ཆེ་རུ་གཏོང་བ། མང་ཚོགས་ཀྱི་འཛད་སྤྱོད་རེ་འདུན་སྔར་ལས་ཤུགས་དྲག་ཏུ་གཏོང་བ་དང་ཚོང་རའི་སྦས་ཤུགས་ཕྱིར་མངོན་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་གསོན་ཤུགས་གསར་བ་སྣོན་དགོས་ཞེས་ནན་བཤད་བྱས།
ཧོང་ཀྲོང་ས་ཁུལ་ནན་ཁྲོན་ཆེ་བའི་ཆུ་མཛོད་ཡོད་སར། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་ཆུ་མཛོད་གནས་ཡུལ་གྱི་བྱེད་ནུས་ཚུལ་སྒྱུར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ལྗོངས་ཁུལ་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཆུ་མཛོད་གནས་ཡུལ་གྱི་བྱེད་ནུས་ཚུལ་སྒྱུར་ལ་མ་ལག་ལྡན་པའི་ཞིབ་འཇུག་བྱེད་པར་ཤུགས་སྣོན་དང་། འཆར་འགོད་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་པ། སྐྱེ་ཁམས་ལྗོངས་ཁུལ། ལྷོད་གཡེང་སྤྲོ་གསེང་། རིག་གནས་འགྲེམ་སྟོན། ལྟ་སྐོར་པ་བསྡུ་འགྲེམས་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་བྱེད་ནུས་ཁུལ་འཚོལ་ཞིབ་འཛུགས་སྐྲུན་བྱེད་པ། ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཕྱོགས་གཉིས་ནས་ཁེ་ཕན་ཐོབ་པ་མངོན་འགྱུར་བྱེད་དགོས་ཞེས་ནན་བཤད་བྱས།
སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དུ། ལའོ་ཏུང་ཁྲོན་གྱིས་དགོན་པའི་ལས་དོན་སྤེལ་ཚུལ་དང་དགོན་པའི་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོར་བཟུང་སྟེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་པར་ཤུགས་སྣོན་པ། རྒྱ་ཆེའི་ཆོས་ལུགས་ལས་བྱེད་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་ཆོས་ལུགས་ཞི་མཐུན་ལ་སྐུལ་འདེད། མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་ཞེས་ནན་བཤད་བྱས།
ཝང་ཝེ་ཏུང་དང་། ཝང་ཧའེ་ཧུང་། ཁྲིན་ཅི་ཝེ་བཅས་སོ་སོར་གོང་གི་བྱེད་སྒོར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།