ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་དང་གྲོས་མོལ་མཛད།
2025.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ཡིས་ཅིན་པེན་གྱི་ཞི་བདེའི་ཚོགས་ཆེན་ནས་གྲོས་མོལ་མཛད། 

ཟླ4པའི་ཚེས17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ཡིས་ཅིན་པེན་གྱི་ཞི་བདེའི་ཚོགས་ཆེན་ནས་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱིས་མགོ་ཁྲིད་པས་ལག་རྡང་སྦྲེལ་ནས་དུས་རབས་གསར་བའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་མོས་མཐུན་བྱུང་བ་དང་། 2025ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཡུལ་སྐོར་ལོ་ཡིན་པ་ཁྱབ་བསྒྲགས་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ། ནང་གནས་ཀྱི་སྒུལ་ཤུགས་དྲག་པོ་བཅས་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། རྒྱལ་ཁབ་གཉིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་གྲལ་དུ་སྐྱོད་ཀྱིན་ཡོད། མིག་སྔར། འཛམ་གླིང་འདི་ཉིད་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ལ་འཕྲད་ཡོད་པས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཟབ་སྤེལ་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡོངས་སུ་མཐུན། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁམ་ཕུ་ཁྲེ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་རྒྱབ་སྐྱོར་བྱེད་པ་དང་། ཁམ་ཕུ་ཁྲེའི་སྲིད་གཞུང་གིས་བདེ་བླག་ངང་སྲིད་ཇུས་ལག་ལེན་ཏུ་བསྟར་བར་རྒྱབ་སྐྱོར་བྱེད་པ། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་སྔར་ལས་བྱས་རྗེས་གལ་ཆེན་འཇོག་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་དུས་རབས་གསར་བའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དེ་མགོ་རྩོམ་ས་གསར་བར་བྱས་ཏེ། འཕེལ་ཕྱོགས་དང་བསྟུན་ནས་ཡར་རྒྱས་འགྲོ་བ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པའི་འགུལ་སྐྱོད་འཆར་གཞི་གསར་བ་མུ་མཐུད་དུ་དངོས་འབེབས་ཡག་པོ་བྱས་ནས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། སྤུས་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། རིམ་པ་སྔར་ལས་མཐོ་བའི་བདེ་འཇགས་འགན་སྲུང་བརྟན་པོར་འཛུགས་པ། ཐེངས་གྲངས་སྔར་ལས་མང་བའི་མི་གཞུང་བརྗེ་རེས་སྤེལ་བ། ཚད་གཞི་སྔར་ལས་མཐོ་བའི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྲིད་གཞུང་བར་གྱི་མཐུན་སྦྱོར་ཨུ་ཡོན་ལྷན་ཚོགས་ཀྱི་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི་འཐབ་ཇུས་གྲོས་མོལ་ཡག་པོར་སྒྲུབ་པ། ཏང་ཁག་སོ་སོར་བར་དང་ཁྲིམས་འཛུགས་ལས་ཁུངས་སོགས་ཀྱི་འགྲོ་འོང་ལ་ཤུགས་བསྣན་ཏེ། ལག་རྡང་སྦྲེལ་ནས་ཉེན་ཁའི་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་། ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱསལ་འཆར་འགོད་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཉམ་ལས་སྒྲོམ་གཞི་སྔར་ལས་འཐུས་ཚང་དུ་བཏང་ནས། སོ་སོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་བ་སྣོན་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཁམ་ཕུ་ཁྲེར་སོང་ནས་མ་དངུལ་གཏོང་བ་དང་། ཁམ་ཕུ་ཁྲེ་ལ་གཞི་རྒྱ་ཆེ་བའི་ཁྲོམ་རའི་སྒོ་ཕྱེས་ནས། ཁམ་ཕུ་ཁྲེའི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་ནང་འདྲེན་བྱེད་པར་སྐུལ་ལྕག་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་བར་རྒྱུས་ལོན་བྱས་ནས་མཛའ་བརྩེ་ཟབ་མོ་ཆགས་པར་བྱེད་པ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་དཔལ་ཡོན་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཁམ་ཕུ་ཁྲེའི་ཕྱོགས་ལ་སྲིད་གཞུང་གི་བྱ་དགའི་མ་དངུལ་འདོན་སྤྲོད་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ན་གཞོན་བར་གྲོས་མོལ་དང་བརྗེ་རེས་བྱེད་པའི་རྐྱེན་སྲོལ་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། ས་གནས་དང་སྨྱན་བྱད། རིག་མཛོད་བཅས་ཀྱི་བརྗེ་རེས་མང་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་འགྱུར་བར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་དྲ་རྒྱའི་རྒྱན་འགུག་དང་གློག་རྡུལ་མགོ་སྐོར་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་བ་དང་། སྤྱི་ཚོགས་གཏན་འཇགས་དང་ས་གནས་དང་རྒྱལ་ཁབ་བར་རྒྱུན་ལྡན་ངང་འགྲོ་འོང་བྱེད་པའི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ནི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་པའི་ངོས་ནས། ཞི་བདེ་དང་མཐུན་སྒྲིལ། མཉམ་ལས་བཅས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་བརྟན་སྲུང་བྱེད་པ་དང་། ཕྱོགས་རྐྱང་དང་བཙན་དབང་གི་བྱ་སྤྱོད་ཚང་མར་ངོ་རྒོལ་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་དགོས། སྡེ་ཚོགས་ཁ་གཏད་དང་དཔུང་ཚོགས་འགྲན་ཟླར་ལངས་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། ཤར་ལྷོའི་མནའ་འབྲེལ་དང་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་སོགས་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་པ།  ས་གནས་རང་གི་ཐོབ་དཀའ་བའི་ཞི་བདེ་འཕེལ་རྒྱས་ཀྱི་རྣམ་པར་མཉམ་དུ་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་དགོས།

ཟླ4པའི་ཚེས17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ཡིས་ཅིན་པེན་གྱི་ཞི་བདེའི་ཚོགས་ཆེན་ནས་གྲོས་མོལ་མཛད། 

ཧུང་མཱ་ནའེ་ཡིས་བསྟན་དོན། ཁམ་ཕུ་ཁྲེ་དང་ཀྲུང་གོས་དུས་ཡུན་རིང་པོར་ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་པས། ཀྲུང་གོ་ནི་ཁམ་ཕུ་ཁྲེའི་ཆེས་བློ་གཏད་ཆོག་པའི་གྲོགས་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིར་འཚམས་འདྲི་གནང་བར་དོན་སྙིང་གལ་ཆེན་པ་སྟེ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་ཇེ་དྲག་ཏུ་འགྱུར་བ་དང་། ཁམ་ཕུ་ཁྲེ་དང་ཀྲུང་གོའི་དུས་རབས་གསར་བའི་དུས་རྣམ་ཀུན་གྱི་ལས་སྐལ་གཅིག་མཐུན་ཚོགསཔ་འཛུགས་པར་ནུས་ལྡན་སྒོས་སྐུལ་འདེད་གཏོང་རྒྱུ་ཡིན། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་ཀྲུང་གོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་སྟོབས་ལྡན་འོག ཀྲུང་གོས་དུས་ལྟར་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བར་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་དཔལ་འབྱོར་འཕེལ་རྒྱས་དང་སྒེར་ཚུགས་རང་བདག་ལ་སྲུང་སྐྱོང་བྱེད་པར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོས་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཁམ་ཕུ་ཁྲེ་ཡིས་ཀྲུང་གོར་མཛའ་བརྩེ་ཟབ་མོ་བཅངས་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་བདེ་འཇགས་མཉམ་ལས་ཤུགས་བསྣན་ནས། མཛའ་བརྩེའི་འབྲེལ་བ་ཇེ་དམ་དུ་གཏོང་འདོད་ཡོད།  ཀྲུང་གོ་ནི་ཁམ་ཕུ་ཁྲེའི་ཆེས་ཆེ་བའི་ཚོང་དོན་གྲོགས་པོ་དང་དངུལ་གཏོང་འབྱུང་རྩའི་རྒྱབ་ཁབ་ཆེན་མོ་དང་པོ་ཡིན་པས། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ། ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་དྲ་ཐོག་རྒྱན་འགུག་དང་གློག་རྡུལ་མགོ་སྐོར་ལ་རྡུང་རྡེག་གཏོང་བ་དང་། སློབ་གསོ་དང་རིག་གནས་སོགས་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ཏེ། ཁམ་ཕུ་ཁྲེ་དང་ཀྲུང་གོའི་ཡུལ་སྐོར་ལོའི་བྱ་བ་ལེགས་པོར་བསྒྲུབ་འདོད་ཡོད། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་བྱེད་ནུས་གལ་ཆེན་བཏོན་པར་བསྔགས་བརྗོད་ཚད་མེད་གནང་བཞིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་མོ་གསུམ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་བཅས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕྱོགས་རྐྱང་རིང་ལུགས་ཀྱིས་འཛམ་གླིང་གི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་བསླངས་པ་དང་ཕྱོགས་མང་རིང་ལུགས་མ་ལག་ལ་རྡུང་རྡེག་ཚབས་ཆེན་ཐེབས་པའི་གནས་བབ་འོག ཀྲུང་གོས་མགོ་ཁྲིད་ཀྱི་བྱེད་ནུས་བཏོན་པ་དང་། འཛམ་གླིང་ལ་རྩ་ཆེ་བའི་གཏན་འཇགས་རང་བཞིན་འདོན་སྤྲོད་བྱས། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

 ཟླ4པའི་ཚེས17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ཡིས་ཅིན་པེན་གྱི་ཞི་བདེའི་ཚོགས་ཆེན་ནས་གྲོས་མོལ་མཛད། འདི་ནི་གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བརྗེ་རེས་བྱས་པར་བདེན་དཔང་གནང་བའི་རྣམ་པ་རེད། 

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་སུམ་ཅུ་བརྗེ་རེས་བྱས་པར་བདེན་དཔང་གནང་བ་དང་། དེ་ཐོན་ལས་དང་འདོན་སྤྲོད་ཕྲེང་སྦྲེལ་མཉམ་ལས་དང་མི་ཐབས་རིག་ནུས། འཕེལ་རྒྱས་རོགས་སྐྱོར། སྒོ་ཁྲལ་ཚད་ལེན་བརྟག་ཞིབ། འཕྲོད་བསྟེན། གསར་འགྱུར་སོགས་ཁྱབ་ཁོངས་ལ་ཁེབས་ཡོད།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁམ་ཕུ་ཁྲེའི་དུས་རབས་གསར་བའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་མོ་གསུམ་དོན་འཁྱོལ་བྱེད་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།