ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད།
2025.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉིན་འགའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱུར་མཚན་རྟགས་བཀོད་པ་དང་།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི〈མྱུར་སྐྱེལ་གནས་སྐབས་སྲོལ་ཡིག〉བཟོ་བཅོས་བྱ་རྒྱུའི་སྐོར་གྱི་ཆོད་དོན》ཁྱབ་བསྒྲགས་བྱས། 《ཆོད་དོན》དེ2025ལོའི་ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། བསྡོམས་པས་དོན་ཚན15ཡོད་ལ། གཙོ་བོ་གཤམ་གྱི་ནང་དོན་འགའ་གཏན་འབེབས་བྱས་ཡོད།

གཅིག་ནི་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་གཏོང་བའི་སྤྱིའི་བླང་བྱ་གཏན་ཁེལ་གསལ་བོ་བྱས་ཡོད། མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་གཏོང་བར་ཁྲོམ་རའི་གཙོ་ཁྲིད་འཁོར་སྐྱོད་བྱེད་པ་དང་།    བདེ་འཇགས་འགན་སྲུང་བྱེད་པ།    གསར་གཏོད་ལ་སྐུལ་འདེད།    མཐུན་སྦྱོར་འཕེལ་རྒྱས་བཅས་རྩ་དོན་དུ་བྱེད་པ་གཏན་འཁེལ་བྱས་ཏེ།    ཀུན་ཕན་གྱི་མཁར་གྲོང་དང་ལག་རྩག་སྔོན་ཐོན། སྤུས་ལེགས་ཞབས་ཞུ། བདེ་འཇགས་ནུས་ཆེ།  ལྗང་མདོག་ནུས་ཁུངས་གྲོན་ཆུང་བཅས་ཀྱི་མྱུར་སྐྱེལ་ཞབས་ཞུའི་མ་ལག་འཛུགས་དགོས།

གཉིས་ནི་མྱུར་སྐྱེལ་ཐུམ་སྒྲིལ་བཅོས་སྐྱོང་གི་རྩ་དོན་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཕྱོགས་བསྡུས་རང་བཞིན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། མྱུར་སྐྱེལ་ཐུམ་སྒྲིལ་ལྗང་མདོག་ཅན་དང་ཚད་ཇེ་ཉུང་དུ་གཏོང་བ།    འཁོར་སྐྱོད་ཆོག་པ་བཅས་ལ་སྐུལ་འདེད་བཏང་ནས། བསྐྱར་ཟློས་བེད་སྤྱོད་བྱེད་ཆོག་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུམ་སྒྲིལ་རྒྱུ་ཆ་སྤྱོད་རྒྱུར་སྐུལ་མ་གཏོང་དགོས།

གསུམ་ནི་མྱུར་སྐྱེལ་ཁེ་ལས་ཀྱི་གཙོ་གཟུགས་འགན་འཁྲི་ལ་ཤུགས་སྣོན་དགོས། མྱུར་སྐྱེལ་གྱི་ཐུམ་སྒྲིལ་བླང་བྱ་གསལ་བོ་མིན་པ་དང་། མྱུར་སྐྱེལ་ཁེ་ལས་ཀྱི་ཐུམ་སྒྲིལ་འོས་འགན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པ། མྱུར་སྐྱེལ་གྱི་ཐུམ་སྒྲིལ་བྱ་སྤྱོད་ཀྱི་ཕྱི་ཕྱོགས་ལྟ་སྐུལ་མི་འདང་བ་སོགས་ལམ་ལུགས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་རྒྱུར་དམིགས་ནས།  ཁྲིམས་འགལ་བྱ་སྤྱོད་ལ་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་གཏན་འབེབ་བྱས་ཡོད།

བཞི་ནི་མཐུན་སྦྱོར་བཅོས་སྐྱོང་གི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།  སྲིད་གཞུང་སྡེ་ཁག་དང་ཁེ་ལས། མྱུར་སྐྱེལ་སྤྱོད་མཁན་བཅས་ཀྱིས་ལྗང་མདོག་ཐུམ་སྒྲིལ་ཞིབ་འཇུག་གསར་སྤེལ་དང་།  ཐེངས་གཉིས་ལ་ཐུམ་སྒྲིལ་བྱེད་པ་དང་དེ་མིན་ཐུམ་སྒྲིལ་དངོས་པོ་ཚུར་བསྡུ་བེད་སྤྱོད་སོགས་ཐད་ཀྱི་འགན་འཁྲི་ཇེ་ཉུང་དུ་གཏོང་བ་གསལ་བོ་བྱས་ནས། བཅོས་སྐྱོང་གི་ནུས་ཤུགས་གཅིག་ཏུ་བསྡུ་དགོས།

ཤ་བོ་རིན་མཚོས་བསྒྱུར།